ལྷིང་འཇགས་ཀྱི་ཕ་ཡུལ།

        2022-03-04

སླར་ཡང་མཐོང་བྱུང་།

ཕ་ཡུལ་གྱི་མཚན་མོ་མཐོང་བྱུང་།

སློབ་གླིང་ནས་ཕ་ཡུལ་དུ་སྐྱོད་ཐེངས་རེ་རེར།

ཏག་ཏག ང་རང་ཕ་ཡུལ་གྱི་མཚན་མོ་ཁོ་ནར་ཁེལ་བས།

ཕ་ཡུལ་ནི་མཚན་མོས་གཞི་གྲུབ་པ་དང་ཤིན་ཏུ་འདྲ།

“སྒོ་ཆུ་ཁ”ཞེས་པའི་ས་དེར་སླེབས་དུས།

ཕ་ཡུལ་གྱི་པང་དུ་ལོག་པར་གོམ་པ་འགའ་ལས་མེད།

ལྷ་ཁང་གི་སྟེང་ནས་གཟིམ་དུང་འབོད་པའི་སྒྲ་ཉིད་ཐོས།

གཟིམ་དུང་། གཟིམ་དུང་།

གཟིམ་དུང་།

ཡུལ་མི་སྤུན་མཆེད་རྣམས་མནལ་ཡུལ་འགྲིམ་དགོས་པའི་དུང་སྒྲ་མིན་ནམ།

གློག་འོད་ལམ་ལམ་འཚེར་བའི་ཁང་ཁྱིམ་ཕུགས་ནས།

ཡུལ་མི་ཚོས། སོས་དལ་བག་ཕེབས་ངང་ནས།

རྨི་ལམ་རྨི་ཆོག་པའི་ཏིང་འཛིན་སྒོམ་བཞིན་ཡོད་དམ།

ངས་རླངས་འཁོར་གྱི་སྒེའུ་ཁུང་ལས་ཕ་ཡུལ་ལ་ཅེར་བཞིན་དེ་ལྟར་དྲན།

ང་རང་རྟགས་དང་རྟེན་འབྲེལ་ལ་དགའ་བས།

རྣ་བར་གཟན་པའི་གཟིམ་དུང་གི་སྨྲེ་ངག

རང་དབང་མེད་པར།

ཞོགས་པའི་སྐྱ་རེངས་ཁྲོད་ཀྱི་བཞེངས་དུང་ལ་འཁྲུལ་ནས།

ཡུལ་མི་རྣམས་གཉིད་ལས་སད་དགོས་པའི་དུང་སྒྲ་ཡིན་ན་ཅི་མ་རུང་སྙམ།

བརྩེ་ཞེན་གྱིས་དམ་པོར་འཁྱུད་པའི་ཕ་ཡུལ་དུ་འབྱོར་ཡང་།

ཞེ་བློ་དེ་འདྲ་མཁོ་སོད་པ་ཞིག་མ་བྱུང་།

ཅི་ཡང་མི་སྨྲ་བར་ངག་བཅད་པ་དེ་དག།

ཧ་ཅང་ལྷིང་འཇགས་སུ་གནས་དྲགས་པས་ཡིན་ནམ།

དོན་ལྔ་སྣོད་དྲུག་ལ་ཟ་འཕྲུག་ཐེབས་པའི་སྣང་བ་འཆར་ཡོང་།

སྔས་གཞིར་མགོ་བོ་བསྙེས་ཀྱང་།

འཇུག་ཤེས་ནང་དུ་སྡུད་ཐུབ་ཀྱིན་མི་འདུག།

མལ་ཁྲིའི་སྟེང་ནས་འགྲེ་ལོག་ལྔ་བཅུ་རྩ་གཅིག་བརྒྱབ་ཀྱང་།

སྐད་ཅིག་མ་གཅིག་གིས་མཚན་མོ་འདིའི་མཐའ་འཁྱོལ་གྱིན་མི་འདུག།

ཕ་ཡུལ།

མཚན་སྨག་གི་འཇིངས་སུ་ནུབ་པའི་གཡའ་གྲིབ་ཆགས་པའི་ལེ་མོང་།

བྱ་བྱེད་ལས་གསུམ་དང་བདག་བཞན་དུས་གསུམ་འཆུགས་པའི་དེབ་ཐེར།

གཞི་ཚང་ཟླ་བ་གྲགས་པ།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:བོད་ལོ་སར་གྱི་ཁ་བཏགས་སྣེ་རིང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།