བོད་ལོ་སར་གྱི་ཁ་བཏགས་སྣེ་རིང་།

        2022-03-04

ལོ་ཟླས་ཁུར་པའི་སྨུག་པ་ལང་ལོང་། །

སྒྱུ་མ་ར་བའི་ཤིང་ལོ་ལྡེམ་ལྡེམ། །

རི་རབ་ཉིལ་བའི་སྒྲུང་གཏམ་རིང་རིང་། །

བོད་ལོ་སར་པའི་དུས་སུ་དྲན་པ། །

སྟོང་དབྱིངས་ངོས་སུ་ཁ་བ་ལྷབ་ལྷུབ། །

ཏི་སེའི་དབུ་རུ་ན་བུན་གྱ་གྱུ། །

དཔའ་གཏམ་ངར་མའི་རྫི་གླུ་ལྷང་ལྷང་།

བོད་ལོ་སར་པ་འདི་དག་དྲན་པ། །

བསྐལ་བའི་མཐའ་རུ་ལྕགས་རི་ནག་ནག།

གདོད་མའི་ནགས་སུ་ཟིལ་བ་ཐར་ཐོར། །

གར་མའི་ཞལ་ལ་ལང་ཚོ་རབ་རིབ། །

བོད་ལོ་སར་པའི་ཁུད་ནས་དྲན་པ། །

བགྲེས་པོའི་ཐོད་ཀྱི་གཉེར་བ་ཤིག་ཤིག།

དད་པའི་མཐའ་རུ་དར་ལྕོག་ཤག་ཤག།

ཕྲེང་ཐག་སྟེང་གི་ཕྲེང་རྡོག་ཐོ་ཐོ། །

བོད་ལོ་སར་པའི་དད་པའི་མདངས་ཡིན། །

ལྷོ་སྤྲིན་དཀར་པོའི་འདབ་མ་རེ་རེ། །

ལན་བུ་ནག་པོའི་རལ་བ་འཚུབ་འཚུབ། །

ཆར་བ་སིལ་མའི་ཆུ་རྡོག་ཁྲོག་ཁྲོག།

བོད་ལོ་སར་པ་སྒྱུ་རྩལ་མདངས་ཡིན། །

དབྱངས་གསལ་ཡི་གེའི་འབྲི་ལམ་རིང་ཐུང་། །

ཀླད་པ་དྭངས་པའི་ཤེས་བྱ་མང་ཉུང་། །

སྲོག་ལ་ཁེན་པའི་མུན་པ་ཆེ་ཆུང་། །

བོད་ལོ་སར་པ་ཤེས་བྱའི་མདངས་ཡིན། །

ཤ་མར་ཐུད་ཀྱི་སྡེར་ཁ་མང་ཉུང་། །

ཁ་མཁས་བགྲེས་པོའི་ཁ་གཡང་ཡག་བཙོག།

གར་ལ་མཁས་པའི་གར་སྟབས་ཡག་མིན། །

བོད་ལོ་སར་པའི་མདངས་སུ་འཕྱོ་བ། །

རང་སྣང་ཁྲ་མོའི་ལབ་གླེང་འདར་འདར། །

འཆི་བར་འཇིགས་པའི་གུད་ན་ཡེར་ཡེར། །

འཇིག་རྟེན་བླ་འོག་རྡུལ་སྐྱ་དར་དིར། །

བོད་ལོ་སར་པའི་ཆོས་ཀྱི་འོད་ཡིན། །

ཞག་གཅིག་སྡོད་པའི་གྲོགས་སུ་བཀུག་ན། །

ཚེ་གཅིག་རྟག་པའི་རི་མོ་བྲིས་ན། །

ཟླ་གཅིག་སྐྱི་ལྤགས་ཚ་བ་མེད་ན། །

བོད་ལོ་གཡང་གི་གྲོགས་ཤིག་རྙེད་འདུག།

ཕྱི་སྣོད་འཇིག་རྟེན་དག་པའི་ཞིང་ནས། །

ནང་བཅུད་སེམས་ཅན་རྒྱུ་སྐར་འཕོ་འདྲ། །

སྐྱིད་སྡུག་ཁ་ཆར་འདྲེས་པའི་མདོ་ནས། །

བོད་ལོ་གཡང་གི་བདེ་སྡུག་རྙེད་འདུག།

བྱེ་ཐང་སྨིག་རྒྱུའི་ལ་མོ་བརྒལ་བའི། །

སེམས་ཀྱི་རྟ་ཁ་འཐེན་ཙམ་བྱས་ན། །

གཡོ་ཟོལ་གངས་ཀྱི་གྲུ་གཟིངས་མཐོན་པོས། །

བོད་ལོ་སར་པའི་ཁ་གཡང་ཁྱེར་འདུག །

ཐོབ་ཤོར་ངེས་མེད་རླུང་ཁའི་དར་ལྕོག།

མ་དྲོས་མཚོ་མོའི་ངོས་སུ་འཕྱོ་བའི། །

གསེར་མིག་ཉ་མོ་ཨེ་ཡིན་བསམ་ན། །

བོད་ལོ་སར་པའི་དུས་ཚེ་སྐྱིད་པ། །

སྟེང་ན་རྡུལ་སྐྱ་བར་མེད་འཕུར་བའི། །

འོག་ན་མྱེ་ལྕེ་ལམ་ལམ་ཚ་བའི། །

དུས་ངན་ནང་གི་དུས་ཚེ་བཟང་པོར། །

བོད་ལོ་སར་པར་ཞི་བདེ་འཕེལ་ཤོག།

ཧུན • དུར་རོ།

རྩོམ་སྒྲིག་པ། མགར་རྒྱལ་སྲས། 


  • ལེ་ཚན་སྔོན་མ།:བོད་ལོ་སར་གྱི་ཤིས་ཚིག་པད་དཀར་ཆུན་པོ།།
  • ལེ་ཚན་རྗེས་མ།:ལྷིང་འཇགས་ཀྱི་ཕ་ཡུལ།