གནམ་ལོ་གསར་པ་ཤར་བྱུང་།

ནམ་ཤེས།        2022-03-02

ཤར་བྱུང་། ཤར་བྱུང་།

གྲང་འཁྱག་གི་དགུན་ཁ་ཐོལ་གྱིས་ཡལ་ཏེ།

དྲོ་འཇམ་གྱི་ཉི་འོད་ས་གཞིར་འཕྲོས་པའི།

དཔྱིད་དཔལ་གྱི་དུས་ཚིགས་དལ་གྱིས་བསླེབས་བྱུང་།

སྐྱ་རེངས་ཀྱི་མཚམས་སྤྲིན་འཁྱུག་པ་དང་མཉམ་དུ།

ཉི་འོད་ཀྱི་མཛེས་སྡུག་བཞད་པ་དང་ལྷན་དུ།

དཔྱིད་དཔལ་གྱི་དུས་ཚིགས་བསླེབས་བྱུང་།

གནམ་ལོ་གསར་པ་ཤར་བྱུང་།

ལྷན་འཛོམས་ཀྱི་སྐལ་བ་ལྡན་བྱུང་།

བདེ་སྐྱིད་ཀྱི་འཛུམ་མདངས་ཤར་བྱུང་།

དྲིན་ཕ་མའི་ཚེ་བསོད་རྒྱས་པར་ཤོག།

ནང་ཕུ་ནུའི་དབང་ཐང་དར་བར་ཤོག།

ཤར་བྱུང་། ཤར་བྱུང་།

ཙག་རླུང་གི་རྒྱུ་བ་རིམ་གྱིས་འཇགས་ཏེ།

ཕྱི་རོལ་གྱི་ཡུལ་གྲུར་ལྗང་མདོག་སྩོལ་བའི།

དཔྱིད་དཔལ་གྱི་དུས་ཚིགས་དལ་གྱིས་བསླེབས་བྱུང་།།

ལྷ་བསང་གི་དུད་སྤྲིན་འཐུལ་བ་དང་མཉམ་དུ།

རེ་སྨོན་གྱི་ཁ་གཡང་འབོད་པ་དང་ལྷན་དུ།

དཔྱིད་དཔལ་གྱི་དུས་ཚིགས་བསླེབས་བྱུང་།

གནམ་ལོ་གསར་པ་ཤར་བྱུང་།

དགའ་བ་ཡི་རྡོག་བྲོ་འཁྲབ་བྱུང་།

སྐྱིད་པ་ཡི་གླུ་དབྱངས་བླངས་བྱུང་།།

དྲིན་ཕ་མའི་ཐུགས་བཞེད་འགྲུབ་པར་ཤོག

ནང་ཕུ་ནུའི་ཁ་ལས་དགེ་བར་ཤོག



  • ལེ་ཚན་སྔོན་མ།:ལོ་གསར་པར་བཀྲ་ཤིས་གཡང་རེ་ཆགས།
  • ལེ་ཚན་རྗེས་མ།:ལོ་སར་རྟེན་འབྲེལ་གཡང་ཆགས་མ།