བདེ་ལེགས། ༠༢༢ལོའི«བོད་ཀྱི་རྩོམ་རིག་སྒྱུ་རྩལ། 2022-03-01
༄༅།། བོད་ཀྱི་དེང་རབས་བརྩམས་སྒྲུང་གི་མ་འོངས་སྒྱུ་རྩལ་འཕེལ་ཕྱོགས་སྐོར་གྱི་བསམ་གཞིག
བདེ་ལེགས།
གླེང་གཞི།
བོད་ཀྱི་དེང་རབས་བརྩམས་སྒྲུང་ནི་བོད་ཀྱི་སྲོལ་རྒྱུན་བརྩམས་སྒྲུང་གི་སྒྱུར་བཅོས་དང་འཛམ་གླིང་རྩོམ་རིག་གི་སློབ་སྦྱོང་ལས་ཐོན་པའི་རྩོམ་རིག་གི་རྣམ་པ་གསར་པ་ཞིག་ཡིན་པས། དེས་དུས་རབས་ཉི་ཤུ་པའི་ལོ་རབས་བདུན་ཅུའི་སྨད་དང་བརྒྱད་ཅུའི་འགོ སྔར་བོད་ཀྱི་རྩོམ་སྟེགས་སྟེང་བྱུང་མ་མྱོང་བའི་འཕེལ་རྒྱས་དང་གྲུབ་འབྲས་གསར་པ་ཞིག་བླངས་ཡོད་དེ། དཔེར་ན། རྩོམ་པ་པོའི་དཔུང་ཁག་ནས་བརྗོད་ན། སྤྱིར་བོད་ཀྱི་ཉེ་རབས་རྩོམ་རིག་ཁྲོད་མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་དང་རྡོ་རིང་བསྟན་འཛིན་དཔལ་འབྱོར་ཕུད་པའི་གཞན་སྤྱིར་སེར་མོ་བ་ཡིན། དེང་རབས་བརྩམས་སྒྲུང་གི་རྩོམ་པ་པོའི་དཔུང་ཁག་ནི་དེ་ལས་ལྡོག་སྟེ། བརྩམས་སྒྲུང་གསར་རྩོམ་གྱི་ལས་རིགས་ཁྲོད་ན་དགེ་རྒན་དང་སློབ་མ། གཞུང་ཞབས་པ་དང་ཚོང་པ། དགེ་འདུན་པ་ཡོད་པར་མ་ཟད། ད་དུང་བུད་མེད་རྩོམ་པ་པོ་ཡང་ཡོད་པ་དེས་བོད་ཀྱི་དེང་རབས་བརྩམས་སྒྲུང་གི་བརྗོད་བྱ་ལ་སྣ་མང་ཕུན་ཚོགས་ཀྱི་དགེ་མཚན་ཡོངས་སུ་བྱིན་འདུག བརྗོད་བྱའི་ནང་དོན་གྱི་ཐད་ནས། བོད་ཀྱི་སྲོལ་རྒྱུན་བརྩམས་སྒྲུང་གི་རྩོམ་པ་པོའི་དཔུང་ཁག་གཙོ་བོ་ནི་སེར་མོ་བས་གྲུབ་པས། ཁོང་རྣམ་པས་བྲིས་པའི་རྩོམ་རིག་གི་བརྗོད་བྱའང་འཁོར་བའི་ཉེས་དམིགས་དང་། དལ་འབྱོར་ཪྙེད་དཀའ་བ། འཆི་བ་མི་རྟག་པ། ལས་འབྲས་ཀྱི་རྣམ་གཞག་དང་ཐར་པའི་ཕན་ཡོན་སོགས་རྩོམ་གྱི་བརྗོད་བྱར་གཉེར་ནས་མི་རྣམས་ལ་སློབ་གསོ་གཏོང་བ་དང་། བོད་ཀྱི་དེང་རབས་བརྩམས་སྒྲུང་ནི་དེ་དང་མི་འདྲ་བར། དེའི་བརྗོད་བྱའི་ཁྱབ་ཁོངས་ཀྱི་ངོས་ནས་སྲོལ་རྒྱུན་བརྩམས་སྒྲུང་ལྟ་བུའི་ཆོས་ལུགས་བརྗོད་བྱ་ཁོ་ན་མ་ཡིན་པར། དེར་ཞིང་བྲན་ལམ་ལུགས་དང་རིག་གསར་གྱི་ནག་ཉེས་ཐེར་འདོན་བྱེད་པའི་བརྩམས་ཆོས་ཐད «བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད»དང་། «བུ་མོ་སྤུན་གསུམ་གྱི་རྣམ་ཐར» «དྭ་ཕྲུག་གི་ལས་དབང» «གཙུག་གཡུ» «དཔེ་ཚབ་སྤྲོད་པ»སོགས་ཡོད་པ་དང་། ཆོས་ལུགས་དང་ཆོས་བྱེད་པའི་བརྗོད་བྱ་དང་འབྲེལ་བའི་བརྩམས་ཆོས་ལ «སྤྲུལ་སྐུ»དང«རླུང་ནག་འཚུབ་མ» «བཙུན་ཡག» «སྡོམ་པ་སྲུང་པ»«ཤི་གསོན» «Dསྡེ་བའི་ཀླན་ཀ» «རིག་མ་བདེ་མཚོ»སོགས་བྱུང་ནས“བརྩམས་ཆོས་དེ་དག་གིས་བོད་ཀྱི་སྲོལ་རྒྱུན་བརྩམས་སྒྲུང་ནང་བཞིན་ནམ་ཡང་སྐྱོན་མཚང་འདོན་ས་དང་མཚང་འབྱིན་བྱེད་ས། སྡུག་དམོད་བྱེད་ས་ཚང་མ་གྲྭ་བཙུན་དཀྱུས་མ་དང་ཕལ་པ་དེ་དག་ཡིན་པའི་ལོ་རྒྱུས་ཀྱི་རྣམ་པ་འདི་བསྒྱུར་ནས། བོད་ཀྱི་དེང་རབས་བརྩམས་སྒྲུང་གིས་དམངས་ཀྱི་དད་པ་དང་། བླ་སྤྲུལ་གྱི་མཛད་པ་ལ་དོགས་དཔྱོད་བྱེད་པར་མ་ཟད། ཁོ་ཚོའི་ནག་ཉེས་ལ་ཐེར་འདོན་མཛད་ནས་ཆོས་ལུགས་ཀྱི་འོད་ཀོར་བཤུས་ཏེ་སྐྱུག་བྲོ་བའི་རྣམ་པ་རེ་རེ་བཞིན་དུ་ཀློག་པ་པོའི་མིག་ངོར་གསོན་པོའི་ཚུལ་དུ་བསྟར་ཡོད་པ་ལྟ་བུ” ༡ རང་མོས་གཉེན་སྒྲིག་དང་བུད་མེད་ཀྱི་ལས་དབང་དང་འབྲེལ་བའི་བརྩམས་ཆོས་ཐད«སད་ཀྱིས་བཅོམ་པའི་མེ་ཏོག»དང«རིགས་རུས» «རྩྭ་ཐང་གི་ཉིན་ཐོ» «ལོ་མའི་ཟིན་ཐོ» «ལམ་གྱི་ཉི་འོད»ལྟ་བུ། མི་ཆོས་ཀུན་སྤྱོད་དང་འབྲེལ་བའི་སྐོར་ལ«རྒྱུ་འབྲས་མེད་པའི་མནའ་མ»དང«ཁྱིམ་དུ་ལོག་པའི་ལམ་བར་དུ» «དངུལ་གྱི་སོར་གདུབ» «རླུང་ནག་འཚུབ་མ» «ཨ་ཡེ་ལྷ་མཚོ» «མི་རབས་གསུམ་གྱི་ཕྲུག་ལྭ»སོགས་ལྟ་བུ། བོད་མིའི་འཚོ་གནས་དང་འབྲེལ་བའི་བརྩམས་ཆོས་ཐད«ཉིན་གཅིག་གི་ཆོ་འཕྲུལ»དང«སྤྱི་འགྲོས་ཤིག» «སྲིན་པོ་གཡུ་རྔོག་དང་ཉི་མ་ལྷ་ས» «དགོན་འདབས་ཀྱི་འཚོ་བ»ཤེས་ཡོན་པའི་མི་གཤིས་འཚོལ་དཔྱོད་ཀྱི་སྐོར་ནས«སྨུག་པ» «གྲོང་ཁྱེར་གྱི་འཚོ་བ» «གནའ་གྲོང» «རླུང་ནག་འཚུབ་མ» «སེམས་ཁུར»སོགས་ལྟ་བུ། རྩོམ་རིག་གི་སྒྱུ་རྩལ་རྐྱང་བའི་ངོས་ནས་དཔེར་ན། སེམས་ཁམས་ཀྱི་ཞིབ་འབྲི་གཙོར་བཏོན་པའི་བརྩམས་ཆོས་ལ«བཙུན་ཡག» «མག་མོག་གི་ནུབ་ཁའི་ཉི་མ» «སྡོམ་པ་སྲུང་བ»དང་། དོན་བརྗོད་མཐོང་སྣེའི་འགྱུར་ལྡོག་གི་ཐད་ནས«སད་ཀྱིས་བཅོམ་པའི་མེ་ཏོག» «ཨ་ཁུ་ཐོད་པར་བཅར་འདྲི་ལ་ཕྱིན་པ» «གྲིབ་གཟུགས་ཁྲོད་ཀྱི་མི་ཚེ»མི་སྣའི་སྣང་བཪྙན་ཞིབ་འབྲིའི་ཐད«ར་ལོ» «ཨ་ཁུ་དཔོན» «སྡེ་དཔོན» «ཁྱི་རྒན» «སྒྲོལ་མ་ཉེར་གཅིག»སོགས་བརྩམས་ཆོས་ཀྱིས་དེང་གི་བོད་མི་རིགས་ཀྱི་སྤྱི་ཚོགས་ཀྱི་ཟུར་མཐའ་དག་ལ་ངོས་མི་འདྲ་བའི་ཞིབ་འབྲིའི་ཐབས་ལམ་ནས་དེ་ལ་བསམ་གཞིག་དང་འཚོལ་ཞིབ་གནང་འདུག་པས། མདོར་ན་བོད་ཀྱི་དེང་རབས་བརྩམས་སྒྲུང་གི་རྩོམ་པ་པོའི་མི་གྲངས་དང་། བརྩམས་ཆོས་ཀྱི་གྲངས་ཚད་དང་སྤུས་ཚད་ཕྱོགས་གང་ཐད་ནས་བརྗོད་ནའང་སྔར་ལོ་རྒྱུས་སྟེང་བྱུང་མ་མྱོང་བའི་འཕེལ་རྒྱས་ཀྱི་རྣམ་པ་ལྡན་པ་ལ། “རྒྱལ་ཡོངས་རང་བཞིན་དང་ཞིང་ཆེན་དང་ས་གནས་རང་བཞིན་གྱི་རྩོམ་རིག་དུས་དེབ་བཅུ་ཕྲག་ལྷག་གི་སྟེང་སྒྲུང་ཐུང་གསར་པ་སྟོང་ཕྲག་ལྷག་སྤེལ་བ་དང་། སྒྲུང་ཐུང་མང་པོ་ཞིག་ལོ་ཙཱའི་ལམ་ནས་རྒྱལ་ནང་དང་རྒྱལ་ཁབ་ཕྱི་ལ་འགྲེམ་སྤེལ”བྱེད་ཐུབ་པ་དང་། དེ་ལས་བརྩམས་སྒྲུང་དང་རྩོམ་རིག་དཔྱད་བརྗོད་ཀྱི་བརྩམས་ཆོས་མང་པོ་ལ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་བྱ་དགའ་ཐོབ་པའི་སྣང་ཚུལ་ལས། བོད་ཀྱི་དེང་རབས་བརྩམས་སྒྲུང་ལ་ལོ་ངོ་སུམ་ཅུ་ལྷག་གི་ལོ་རྒྱུས་ལས་མེད་ནའང་། དུས་ཚོད་ཐུང་ཐུང་འདི་འདྲ་ཞིག་གི་ནང་དུ། རྒྱལ་ཁབ་དང་མི་རིགས་གཞན་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་ཐོབ་ཡོད། འོན་ཀྱང་བོད་ཀྱི་དེང་རབས་བརྩམས་སྒྲུང་གི་བརྩམས་ཆོས་ཡོད་དོ་ཅོག་གིས་འདི་ལྟའི་ཡོན་ཏན་གྱི་ཆོ་ལོ་མི་ལྕོགས་ཏེ། བརྩམས་ཆོས་ཕལ་མོ་ཆེ་སྔར་བཞིན“བོད་ཀྱི་རྩོམ་རིག་ལོ་རྒྱུས་དང་ལྷག་དོན་ཀྲུང་གོའི་རྩོམ་རིག་ལོ་རྒྱུས་ཀྱི་ཁྱབ་ཁོངས་སུ་བཞག་ཚེ། མ་ལག་ཆ་ཚང་ཡོངས་ཁྱབ་དང་དབང་གྲགས་ཡིད་རྟོན་འཕེར་བ། གསུང་རབ་རྒྱུན་འཛིན་རུང་བ་བཅས་ཀྱིས་སྤུ་རིས་ཤན་ཕྱེ་བའི་རིན་ཐང་ཆེན་པོ”༢བདོག་པ་ཕར་ཞོག ཡིག་ནོར་དང་བརྡ་སྤྲོད། ཚིག་སྐྱོན་དང་དོན་སྐྱོན། ཚིག་ཉུང་དོན་འདུས་མ་ཡིན་པ་དང་། ཞིབ་འབྲི་ཞིབ་ཚགས་ཅན་དུ་མ་སོང་བ། གཏམ་གླེང་མི་སྣའི་གཤིས་ཀ་དང་མི་མཐུན་པ་སོགས་བརྩམས་སྒྲུང་གི་སྒྱུ་རྩལ་གྱི་གནད་དོན་མང་པོ་ཞིག་དེང་གི་བརྩམས་ཆོས་ཁྲོད་བྱུང་དང་འབྱུང་བཞིན་པར་གདའ། དེ་བས་འདི་ལྟའི་གནད་དོན་ལ་ཁ་ཕྱོགས་ནས་ཁོ་བོས་ཕྱོགས་གསུམ་ནས་བོད་ཀྱི་དེང་རབས་བརྩམས་སྒྲུང་གི་མ་འོངས་སྒྱུ་རྩལ་འཕེལ་ཕྱོགས་སྐོར་ལ་རང་ནུས་གང་ཡོད་ཀྱིས་བསམ་གཞིག་བགྱིས་ཡོད།
དང་པོ། བོད་ཀྱི་དེང་རབས་བརྩམས་སྒྲུང་གིས་སྲོལ་རྒྱུན་དོན་བརྗོད་རྩོམ་རིག་ལ་སློབ་སྦྱོང་བྱེད་དགོས་པ།
འཛམ་གླིང་མི་རིགས་ཁག་གི་རིག་གནས་ཀྱི་འཕེལ་རྒྱས་ཚང་མ་སྲོལ་རྒྱུན་རྒྱུན་འཛིན་གྱི་སྟེང་ནས་བྱུང་བ་ཡིན་པའི་དཔེ་བཞིན། འོ་སྐོལ་བོད་ཀྱི་དེང་རབས་བརྩམས་སྒྲུང་གི་མ་འོངས་འཕེལ་ཕྱོགས་ལ་བསམ་གཞིག་བགྱི་དགོས་ནའང་གནད་འདི་ནས་འགོ་བརྩམས་ན་ད་གཟོད་དངོས་པོའི་ཆོས་ཉིད་ཀྱི་ལུགས་དང་མཐུན་པར་འདོད། ཀུན་གྱིས་ཤེས་གསལ་ལྟར་རང་རེའི་བོད་ལ་གནའ་སྔ་མོ་ནས་བཟུང་མི་རིགས་རང་གི་ཁྱད་ཆོས་ལྡན་པའི་རྩོམ་རིག་གི་ལོ་རྒྱུས་རིང་མོ་མཆིས་པར་མ་ཟད་རྩོམ་པའི་རྣམ་གཞག་གི་ཤེས་བྱ་མང་པོ་བདོག་པ་ལ། དཔེར་ན། ལོ་རྒྱུས་རྩོམ་རིག་དང་རྣམ་ཐར་རྩོམ་རིག རྟོགས་བརྗོད་རྩོམ་རིག་དང་གདུང་རབས་རྩོམ་རིག དེ་བཞིན་གདན་རབས་དང་སྤྲིང་ཡིག ལེགས་བཤད། བསླབ་བྱ། འབེལ་གཏམ་སོགས་ཀྱི་དྲང་བརྗོད་རྩོམ་རིག་དང་། མགུར་མ་དང་བསྟོད་ཚོགས། གཏམ་ཚོགས་དང་གནས་བསྟོད། ཁ་ཤགས་དང་གཏམ་དཔེ། གཉེན་བཤད་དང་གླུ་ཤགས་སོགས་ཀྱི་འཁྱོག་བརྗོད་རྩོམ་རིག་ཀྱང་ཡོད། དེ་བཞིན་དོན་བརྗོད་རྩོམ་རིག་གི་ཁོངས་སུ་གཏོགས་པའི་བརྩམས་སྒྲུང་གི་ས་བོན་དུ་གྱུར་པའི་ལྷ་སྒྲུང་ལ་ཕྱིའི་འཇིག་རྟེན་ཆགས་ཚུལ་གྱི་ལྷ་སྒྲུང་དང་། ནང་བཅུད་ཀྱི་སེམས་ཅན་བྱུང་ཚུལ་གྱི་ལྷ་སྒྲུང་། ཐོན་སྐྱེད་ངལ་རྩོལ་སྐོར་གྱི་ལྷ་སྒྲུང་སོགས་མཆིས་པར་མ་ཟད། དེ་མིན་གཉའ་ཁྲི་བཙན་པོའི་སྐོར་གྱི་གཏམ་རྒྱུད་དང་། གྲི་གུམ་བཙན་པོའི་སྐོར་གྱི་གཏམ་རྒྱུད་ནས། ཉེ་རབས་སུ་བྱུང་བའི«གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད»དང«བྱ་སྤྲེལ་གཏམ་རྒྱུད» «སྒོམ་ཆེན་དང་རྫ་ཙིག་གི་གཏམ་རྒྱུད»དེ་ནས«བཀའ་བློན་རྟོགས་བརྗོད» «མི་དབང་རྟོགས་བརྗོད» «བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད» «གཞོན་ནུ་དྲུག་གི་རྟོགས་བརྗོད» «རྗེ་ཙོང་ཁ་པའི་རྟོགས་བརྗོད» «ས་པཎ་རྟོགས་བརྗོད་སྐལ་བཟང་ལེགས་ལམ» «མར་པ་ལོ་ཙཱ་བའི་རྣམ་ཐར» «མི་ལ་རས་པའི་རྣམ་ཐར» «གླིང་གེ་སར་རྒྱལ་པོའི་སྒྲུང»སོགས་པའི་བརྩམས་ཆོས་མང་པོ་མཆིས། བརྩམས་ཆོས་དེ་དག་གི་ཁྲོད་ན་རང་རེའི་ཡབ་མེས་རྣམས་ཀྱིས་ཕྱིའི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་ལ་བཟུང་བའི་འཇིག་རྟེན་ལྟ་ཚུལ་དང་ཤེས་རབ་ཀྱི་སྙིང་བཅུད་གནས་པར་མ་ཟད། སྒྱུ་རྩལ་གྱི་ཉམས་འདོན་ཚུལ་ཐད་ནས་ཀྱང་གཞན་ལ་ངོ་གནོང་མི་དགོས་པའི་རྩོམ་རིག་གི་མཛེས་པ་དང་རིན་ཐང་མཆིས། རྩོམ་རིག་གཞུང་ལུགས་ཀྱི་ཐད་ནས་བརྗོད་ནའང«སྙན་ངག་མེ་ལོང»གི་དོན་རྒྱན་སོ་ལྔའི་ནང་གསེས་དང་པོ་རང་བཞིན་བརྗོད་པའི་རྒྱན་བརྗོད་སྐབས། དངོས་པོའི་རང་བཞིན་གནས་སྐབས་སོགས། ། གང་ཡིན་དེ་ལས་གཞན་དུ་ནི། ། སྒྲོ་འདོགས་མེད་པར་དྲང་པོ་རུ། །བརྗོད་པ་རང་བཞིན་བརྗོད་པའི་རྒྱན། །ཞེས་པ་འདི་དང་། དངོས་ཡོད་རིང་ལུགས་ཀྱི་རྩོམ་རིག་གི་དགོངས་པ་གཉིས་ཅུང་ཐག་ཉེ་བ་དང་། དེ་བཞིན་དོན་རྒྱན་སོ་ལྔའི་ནང་གསེས་བཅུ་གཉིས་པ་རབ་རྟོག་གི་རྒྱན་དང་བཅོ་བརྒྱད་པ་ཉམས་ལྡན་གྱི་རྒྱན་སོགས་བརྩམས་སྒྲུང་གི་མི་སྣའི་སྣང་བཪྙན་ཞིབ་འབྲི་ཡི་ཕྱོགས་ནས་དགེ་མཚན་ཐོན་ཡོད་པ་དང་། དོན་རྒྱན་སོ་ལྔ་བའི་ནང་གསེས་ལྔ་པ་བསྐོར་བའི་རྒྱན་སོགས་བརྩམས་སྒྲུང་གི་སྐད་ཆའི་ཐད་ནས་སློབ་སྦྱོང་གི་རིན་ཐང་མཆིས་པ་བཞིན། སྙན་ངག་མེ་ལོང་གི་གཞུང་ཁོ་ན་ཙམ་མ་ཡིན་པའི་ས་པཎ་གྱི«མཁས་འཇུག»དང«རོལ་མོའི་བསྟན་བཅོས་ལས་ཚིག་སྦྱོར་བཤད་པ» ཤོང་སྟོན་རྡོ་རྗེ་རྒྱལ་མཚན་སོགས་ཀྱིས་བསྒྱུར་པའི«སྙན་ངག་མེ་ལོང་ལས་ལམ་རྣམ་པར་ཕྱེ་བའི་རྣམ་པར་བཅད་པ»འཇུ་མི་ཕམ་དགེ་ལེགས་རྣམ་རྒྱལ་རྒྱ་མཚོའི«བསྟན་བཅོས་རྩོམ་པའི་དགོས་དོན»སོགས་གཞུང་ནས་བརྩམས་སྒྲུང་གི་ཚིག་སྦྱོར་དང་སྐད་ཆའི་ཁྱད་ཆོས། ཡུལ་དང་དུས། མཐོང་སྣེ་དང་སྒྲིག་གཞི། མི་སྣའི་སྣང་བཪྙན་གྱི་མཚོན་ཐབས་བཅས་ལ་ཕན་པའི་རྩོམ་རིག་གི་ཆོས་ཉིད་མང་པོ་གསུངས་ཡོད་པས། དེང་གི་རྩོམ་པ་པོ་རྣམས་ལ་མཚོན་ན། གཅིག་ནས་རྒྱལ་ཁབ་ཕྱི་ནང་དང་མི་རིགས་གཞན་གྱི་རྩོམ་རིག་གི་ལེགས་ཆ་སྡུད་ལེན་བྱེད་པ་དང་བསྟུན། མི་རིགས་རང་གི་སྲོལ་རྒྱུན་གྱི་བརྩམས་ཆོས་ཁྲོད་ན་གནས་པའི་གསར་རྩོམ་གྱི་ཉམས་མྱོང་དང་ཆོས་ཉིད་ལ་ཞིབ་ཏུ་བརྟག་ནས། དེའི་ཕན་ཡོན་དང་ཤེས་རབ་དག་བློ་ལ་ངེས་པར་བྱས་ཏེ་མི་རིགས་རང་གི་རྩོམ་རིག་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་ནུས་པ་གང་ནུས་འདོན་དགོས་པར་འདུག།
གཉིས་པ། བོད་ཀྱི་དེང་རབས་བརྩམས་སྒྲུང་གིས་འཛམ་གླིང་བརྩམས་སྒྲུང་གྲགས་ཅན་གྱི་སྒྱུ་རྩལ་རྣམ་པ་ལ་སློབ་སྦྱོང་བྱེད་དགོས་པ།
དེ་ཡང་ཐོས་པའི་ཚོམས་ལས། ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་པས་སྡིག་ལས་ལྡོག་པར་བྱེད། །ཐོས་པས་དོན་མ་ཡིན་པ་སྤོང་། །ཐོས་པས་མྱ་ངན་འདས་པ་ཐོབ། །ཅེས་དང་། ཇི་ལྟར་ཁྱིམ་ནི་ལེགས་གཡོགས་པ། །མུན་པས་ཁེབས་པའི་ནང་ཞུགས་ན། །གཟུགས་རྣམས་ཡོད་པར་གྱུར་ཀྱང་ནི། །མིག་ལྡན་བཞིན་དུ་མི་མཐོང་བ། །དེ་བཞིན་འདི་ན་རིགས་སྐྱེས་པའི། །མི་ནི་བློ་གྲོས་ལྡན་གྱུར་ཀྱང་། །སྡིག་པ་དང་ནི་དགེ་བའི་ཆོས། །མ་ཐོས་བར་དུ་ཤེས་མི་འགྱུར། །ཞེས་གསུངས་པ་ལྟར། “ལོ་འདི་གའི་བོད་ཀྱི་རྩོམ་སྟེགས་སུ།……བྱེ་བྲག་སྒྲུང་གཏམ་ལ་མཚོན་ནས་བཤད་ན། གཏམ་རྒྱུད་ཀྱི་གུང་ཙམ་བསྒྲིགས་ནས་ཀྱག་ཀྱོག་གི་བྱུང་རིམ་དང་སྙན་འཇེབས་ཀྱི་ཚིག་སྦྱོར་ཙམ་གྱིས་ཀློག་པ་པོ་ཉུང་ཤས་ཀྱི་ཡིད་དབང་འགུག་པར་བརྩོན་པ་ལས། རྩོམ་པ་པོས་ཤེས་བཞིན་གྱིས་མི་དང་མིའི་བར་གྱི་འགལ་འབྲེལ། མི་དང་རང་བྱུང་ཁམས་བར་གྱི་འགལ་འབྲེལ། མི་གཤིས་ཀྱི་རང་བཞིན་ངོ་མ། ཡང་ན་མིའི་རིགས་ཀྱི་ལས་དབང་དང་འབྲེལ་བའི་བརྗོད་བྱ་སོགས་ཅི་ཡང་སྨྱུག་ཁར་ཟིན་མེད”༣ཅེས་པ་བཞིན། དེང་གི་བོད་ཀྱི་བརྩམས་སྒྲུང་གི་གནད་དོན་ཆེ་ཤོས་ཤིག་མདོར་ན་རང་རེའི་རྩོམ་པ་པོ་རྣམས་ཀྱི་གསར་རྩོམ་གྱི་གནས་སྐབས་དང་ཡང་ན་ནམ་རྒྱུན་གྱི་འཚོ་བའི་ཁྲོད་ཕྱི་ནང་གི་དཔེ་ཆ་ལྟ་ཀློག་བྱ་རྒྱུ་ཕར་ཞོག ཐ་ན་འཛམ་གླིང་གི་བརྩམས་སྒྲུང་གྲགས་ཅན་དག་ལ་ལྟ་བའི་གོམས་གཤིས་དང་བསམ་བློ་ཡང་ཧ་ལམ་ཤིན་ཏུ་དཀོན་པ་ལ། བདུད་ལྷ་རྒྱལ་ནས“བོད་ཀྱི་བརྩམས་སྒྲུང་རྩོམ་པ་པོའི་ཀློག་འདོན་གྱི་རྒྱ་ཚད་ལ་དོན་དང་མཐུན་པའི་དགག་ཕྱོགས་ཀྱི་ཁ་ཚོན་གཅོད་དཀའ་ཡང་། མ་མཐའ་ཡང་དོགས་པ་ཁོང་ནས་སྐྱེ་ཡོང་། ཁོ་ཚོས་བརྩམས་པའི་བརྩམས་ཆོས་ཀྱི་ཡིད་ཚིམ་དཀའ་བའི་རྣམ་པ་འདི་ཀློག་འདོན་གྱི་རྒྱ་ཚད་ཞན་པ་དང་འབྲེལ་བ་ཡོད་ཅེ་ན་བསྙོན་འདིང་བའི་སྐད་དུ་མི་འགྱུར་སྙམ”༤ཞེས་གསུངས་འདུག རྩོམ་པ་པོ་སྟག་འབུམ་རྒྱལ་ནས་ཀྱང“ཐེངས་ཤིག་ཟི་ལིང་དུ་ཕྱིན་པ་ན། «སྦྲང་ཆར»རྩོམ་སྒྲིག་ཁང་གི་དེ་དུས་ཀྱི་རྩོམ་སྒྲིག་པ་དགེ་རྒན་འགྱུར་མེད་ལགས་ཀྱིས་ཆེད་དུ་དུས་ཚོད་བཏོན་ནས་ངའི་སྒྲུང་གཏམ་ཁྲོད་ཀྱི་མི་འདང་ས་གསལ་འདོན་དང་རྩོམ་འབྲིའི་ཤེས་བྱ་རེ་འགའ་བའི་ཕྱོགས་ནས་སློབ་སྟོན་གནང་བས། རང་ཉིད་ལ་རྩོམ་འབྲིའི་ཤེས་བྱའི་ཐད་ད་དུང་མང་པོ་ཞིག་ཆད་ཡོད་པ་གཞི་ནས་རྟོགས་ཤིང་། ཆེད་དུ་རང་སྟེང་ནས་སློབ་ཡོན་སྤྲད་ནས་ནུབ་བྱང་མི་རིགས་སློབ་གླིང་ལ་ཟབ་སྦྱོང་དུ་ཕྱིན། དེ་གར་རྩོམ་རིག་གཞུང་ལུགས་སྨྲ་མཁན་དང་སྒྲུང་གཏམ་རྩོམ་མཁན་སྐོར་ཞིག་དང་བསྐྱར་འཛོམས་ཀྱི་གོ་སྐབས་བྱུང་། དེ་དག་དང་ལྷན་དུ་རྩོམ་རིག་གླེང་བ་དང་ལྷན་ཅིག་ཏུ་གསར་རྩོམ་བྱེད་པ། ལྷན་ཅིག་སློབ་སྦྱོང་བྱས་པར་མ་ཟད། ད་དུང་ཀྲུང་ཕྱིའི་ཕུལ་བྱུང་བརྩམས་ཆོས་སྐོར་ཞིག་ལ་མཇལ་པས་སྔ་ན་མེད་པའི་བློ་སྐྱེད་ཅིག་བྱུང་སོང”༥ ཞེས་པ་དང་། «ཚེ་རིང་དོན་གྲུབ་ཀྱི་སྒྲུང་གཏམ་ལ་དཔྱད་པ»ཞེས་པའི་ནང་དུའང“ཚེ་རིང་དོན་གྲུབ་ནི་ཕྱི་གླིང་གི་སྒྲུང་གཏམ་གྲགས་ཅན་བཀླག་རྒྱུར་ཤིན་ཏུ་དགའ་རྐྱེན། བྲེལ་ཟིང་གི་བྱ་བ་དང་འཚོ་བའི་ནང་གི་དོན་བྱ་ཕྲན་བུ་རྣམས་ཕུད། ནམ་རྒྱུན་ཁོམ་པ་ཡོད་དུས་ཁོ་རང་གིས་ཕྱི་གླིང་གི་སྒྲུང་གཏམ་གྲགས་ཅན་དག་ལ་བལྟས་ཏེ་དུས་བདའ་བར་བྱེད་པས་ན། དཔེ་ཀློག་ལས་བྱུང་བའི་མྱོང་བ་དང་། འདོད་པ་གཅིག་མཐུན་གྱི་བསམ་བློ། སྒྲུང་གཏམ་གྱི་དཔེ་ཆ་གང་དེའི་མཛེས་དཔྱོད་འཛིན་སྟངས་སོགས་ཕྱོགས་མང་པོ་ཞིག་གིས་ཁོའི་གསར་རྩོམ་ལ་ཤུགས་རྐྱེན་ཐེབས་ཡོད”༦ཅེས་པ་བཞིན། རང་རེའི་དེང་རབས་བརྩམས་སྒྲུང་གི་གར་སྟེགས་སྟེང་ན་རྩོམ་རྩལ་གྱི་གཤོག་རྩལ་རྒྱས་ཤིང་ཀློག་པ་པོའི་དགའ་བསུ་ཐོབ་པའི་དཔལ་དོན་གྲུབ་རྒྱལ་ནས། གླང་མདུན་དཔལ་འབྱོར། བཀྲ་བྷ། བསྟན་པ་ཡར་རྒྱས། པད་མ་ཚེ་བརྟན། ཚེ་རིང་དོན་གྲུབ། ལྷ་བྱམས་རྒྱལ་སོགས་ཀྱི་གསར་རྩོམ་གྱི་ཉམས་མྱོང་ལ་གཞིགས་ཏེ་དཔྱད་ནའང་། དཔེ་ཀློག་ནི་རྩོམ་པ་པོ་དེ་དག་གི་མི་ཚེའི་གོ་རིམ་ཁྲོད་མེད་དུ་མི་རུང་བའི་ལག་ཆ་རུ་ཆགས་ཡོད། དཔེ་ཀློག་གི་མྱོང་བརྒྱུད་དང་དཔྱོད་ཤེས་ལ་བརྟེན་ནས་རྩོམ་པ་པོ་དེ་དག་གི་གསར་རྩོམ་ལ་སྔ་ན་མེད་པའི་གྲུབ་འབྲས་དང་བློ་སྐྱེད་མང་པོ་བསྩལ་ནས། དེ་ཐད་ཀར་དུ་རྩོམ་རིག་གསར་རྩོམ་གྱི་ལག་ལེན་ལ་མུན་པའི་ཁྲོད་ཀྱི་མར་མེ་བཞིན་གྱི་ནུས་པ་ཐོན་ཡོད་པས། དཔེ་ཀློག་དང་རྩོམ་འབྲི་གཉིས་ནི་ཡ་ཐོད་ཀྱི་མིག་རྡོག་གཉིས་ལྟར་འབྲེལ་བ་དམ་པོ་ཡོད། དེ་ལ་རྩོམ་པ་པོ་ཚེ་རིང་དོན་གྲུབ་ཀྱིས་དཔེ་ཀློག་མ་བྱས་པར་རྩོམ་འབྲི་བ་ནི་དཔེ་མི་སྲིད་པ་ཞིག་རེད་ཅེས་ཟེར་བ་ལྟར་རེད། དེར་བརྟེན། སྔོན་བྱོན་མཁས་དབང་རྣམས་ཀྱིས་རྒྱ་གར་གྱི«སྙན་ངག་མེ་ལོང»དང«སྤྲིན་གྱི་ཕོ་ཉ» «རྒྱལ་པོ་རཱ་མ་ཎའི་རྟོགས་བརྗོད» «མདོ་མཛངས་བླུན»སོགས་རྒྱ་གར་རྩོམ་རིག་གི་དཔེ་ཀློག་ཉམས་མྱོང་ལ་བརྟེན་ཏེ། ད་གཟོད་བོད་ཀྱི་ཉེ་རབས་རྩོམ་རིག་གི་གྲུབ་འབྲས་དེ་ལྟ་བུ་ཐོབ་པ་རེད་ལ། དེ་བཞིན། བོད་ཀྱི་དེང་རབས་བརྩམས་སྒྲུང་ཁྲོད་དུ་ཐོག་མའི་དུས་ཀྱི་བྱུང་རིམ་གཙོར་འདོན་ཅན་ནས། མི་སྣའི་གཤིས་ཀ་དང་སེམས་ཁམས་ལ་ཁ་ཕྱོགས་པ་དང་། ཡང་ན་བསྡུས་བརྗོད་ཀྱི་ལམ་ནས་བྲིས་པ་ཅན་དང་ལྷ་སྒྲུང་གི་ངག་རྒྱུན་གཞིར་བཅོལ་ནས་བྲིས་པ་ཅན། ད་དུང་དུས་ཚོད་ཀྱི་མྱུར་བུལ་དང་མཐོང་སྣེ་སྣ་མང་ཅན་དུ་བྲིས་པ་ཅན། ཡང་ན“གཏམ་རྒྱུད་ཀྱི་ཁུངས་སྣེ་གཉིས་སམ་གསུམ་ཡན་ཆད་དུ་བསྡེབས་པ། མགོ་རྩོམ་ཚུལ་དང་མཇུག་བསྡུ་སྟངས་ཡན་གར་དུ་འཁྲིད་པ”ལྟ་བུའི་བརྩམས་སྒྲུང་གི་རྣམ་པ་དང་ཐབས་རྩལ་ལྟོས་བཅས་ཀྱིས་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ནས། ཁོ་ཚོས་བྲིས་པའི་བརྩམས་ཆོས་ཏེ་མི་སྣའི་སྣང་བཪྙན་གྱི་ཞིབ་འབྲི་དང་། སྐད་ཆའི་ཁྱད་ཉམས། སྤྲོས་བརྗོད་ཀྱི་ཐབས་རྩལ། བསམ་བློའི་བསྟན་དོན་སོགས་ཕྱོགས་གང་ནས་བལྟས་ཀྱང་སེང་གེ་དང་ཁྱིའུའི་དཔེ་བཞིན་མངོན་གསལ་དོད་པོ་འདུག་པ་དང་། བརྩམས་ཆོས་ནས་མངོན་པའི་འཚོ་གནས་དང་མི་གཤིས། ད་དུང་དུས་རབས་དང་སྤྱི་ཚོགས་ལ་བཟུང་བའི་རིན་ཐང་ལྟ་བ་ཡང་གཞན་ལས་གཏིང་ཟབ་ལ་བདེན་པས་བརྟས་འདུག་གོ།
གསུམ་པ། དོན་བརྗོད་རྩོམ་རིག་མ་ཡིན་པའི་སྒྱུ་རྩལ་དང་རིག་ཚན་གཞན་དག་ལ་སློབ་སྦྱོང་བྱེད་དགོས་པ།
རྩོམ་རིག་ནི་མི་དང་མིའི་དངོས་ཡོད་འཚོ་གནས་ལ་བལྟོས་ཏེ་བྱུང་ཞིང་འཕེལ་བའི་དབང་གིས། རྩོམ་རིག་གི་འགྱུར་ལྡོག་དང་འཕེལ་རྒྱས་ཀྱང་དུས་རབས་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་བབ་མི་འདྲ་བའི་མིའི་དགོས་མཁོ་དང་བསྟུན་ནས་མངོན་ཞིང་འཕེལ་དགོས་པ་ཞིག་ཡིན། དེ་ལྟ་ཡིན་ནའང་། བོད་ཀྱི་རྩོམ་པ་པོ་མི་ཉུང་བ་ཞིག་ད་དུང་ཡང་རྩོམ་རིག་གི་འདུ་ཤེས་མི་གསལ་པར་རྩོམ་ཐབས་གསར་པ་དང་། གཞུང་ལུགས་གསར་པ། ལྟ་བ་གསར་པ། རིག་ཚན་གཞན་དག་གི་ཤེས་བྱ་རང་རྒྱུད་ལ་འདྲེན་པའི་གོམས་གཤིས་མེད་ཁར། ད་དུང་རྩོམ་རིག་ནི་མི་རང་ཉིད་ཀྱི་ཚོར་བ་ཐན་ཐུན་དང་འཚོ་བའི་མྱོང་བ་ཙམ་ནས་ཐོན་པ་ལྟ་བུའི་ལོག་རྟོག་གི་བསམ་བློའི་དབང་གིས་རང་རེའི་རྩོམ་རིག་གིས་རྒྱ་ཆེའི་བོད་མི་དམངས་ཀྱི་བསམ་བློའི་རྒྱགས་ཕྱེ་ཡི་ཚབ་བྱེད་མི་ཐུབ་པ་དང་ཞབས་འདེགས་ཀྱི་ནུས་པ་གཟེངས་སུ་ཐོན་མི་ཐུབ་པའི་དངོས་ཡོད་སྣང་ཚུལ་འདི་ལྟ་བུ་ལྷག་པའོ། །འདི་ཡོད་ཚད་ཀྱི་རྩ་བ་མདོར་ན་རང་རེའི་རྩོམ་པ་པོ་རྣམས་ཀྱིས་རྩོམ་རིག་དང་རྩོམ་རིག་མ་ཡིན་པའི་རིག་ཚན་གཞན་དག་ལ་བློ་སྦྱོང་ཞན་དྲགས་པའི་དངོས་རྒྱུ་དང་བརྒྱུད་རྒྱུ་ལས་བཟོས་པར་འདོད། དཔེར་ན། ངེད་ཅག་ལ་རྩོམ་རིག་རིག་པ་དང་། རྩོམ་རིག་སྐྱོན་ཡོན་བརྗོད་པའི་གཞུང་ལུགས། རྩོམ་རིག་སྐད་བརྡ་རིག་པའི་གཞུང་ལུགས། རྩོམ་རིག་མིའི་རིག་པའི་གཞུང་ལུགས། དེ་ལས་སྒྱུ་རྩལ་རྩོམ་རིག་མ་ཡིན་པའི་རིག་ཚན་གཞན་དཔེར་ན། ཆོས་ལུགས་རིག་པ། མཛེས་ཚོར་རིག་པ། རིག་གནས་རིག་པ། སེམས་ཁམས་རིག་པ། སྤྱི་ཚོགས་རིག་པའི་གཞུང་ལུགས། མཚན་ཉིད་རིག་པའི་གཞུང་ལུགས། ལོ་རྒྱུས་རིག་པ་ལྟ་བུའི་རིག་ཚན་མང་པོ་ཞིག་ད་དུང་སྟོང་ཆར་ལུས་ཡོད་ཁར། འདིས་མངོན་ལྐོག་གཉིས་ཀའི་ཐད་ནས་རང་རེའི་རྩོམ་པ་པོ་རྣམས་ཀྱིས་ཅི་ཞིག་འབྲི་བ་དང་ཇི་ལྟར་འབྲི་བ། ཅིའི་ཕྱིར་འབྲི་བ་སོགས་ཀྱི་རྩོམ་རིག་གི་ཐབས་རྩལ་དང་བསམ་བློ་ལ་ཤན་ཞུགས་པར་འདོད། ཡང་ན། “སྒྱུ་རྩལ་གྱི་མིག་དབང་དེ་ལྷན་སྐྱེས་སུ་ཡོད་པ་ཞིག་མིན་པར། སྦྱངས་སྟོབས་ཀྱི་ཡོན་ཏན་དང་ཤེས་པའི་རྩལ་ལས་ཐོབ་དགོས་པ་ཞིག་ཡིན། རྩོམ་པ་པོའི་བསམ་བློའི་ཆུ་ཚད་དང་། སྤྱི་ཚོགས་དབྱེ་ཞིབ་ཀྱི་ནུས་པ་དང་། མཚན་ཉིད་རིག་པའི་བློ་སྦྱོང་ཇི་ལྟར་ཟབ་ན་དེ་ལྟར་དུ་བློ་གྲོས་ཀྱི་འཇུག་པ་ཡངས་ལ། སྒྱུ་རྩལ་གྱི་མིག་དབང་རྣོ། ……དེ་བས། ཤེས་བྱའི་རྣམ་གྲངས་མང་པོར་སྦྱངས་ནས་རང་ཉིད་ཀྱི་སྤྱི་ཚོགས་དབྱེ་ཞིབ་ཀྱི་ནུས་པ་དང”མིའི་ངོས་འཛིན་གྱི་ནུས་པ་གཏིང་ཇེ་ཟབ་ཏུ་སོང་ན། རྩོམ་རིག་གི་རིན་ཐང་ཡང་རང་བཞིན་གྱིས་ཆེས་ཆེར་ལྡན་ནོ། །ཁྱབ་ཆེན་པོའི་དཔེ་ཡི་སྒོ་ནས་བཤད་མི་དགོས་པར། རང་རེའི་བོད་ལ་མཚོན་ནའང་། ཀྲུང་གོ་གསར་པ་དབུ་བཪྙེས་པ་ནས་བཟུང་བོད་འདི་དེང་རབས་སྤྱི་ཚོགས་སམ་དཔལ་འབྱོར་སྤྱི་ཚོགས་སུ་འཕེལ་རྒྱས་བྱུང་ཞིང་། མི་བུ་ཀུན་གྱི་ལུས་སེམས་གཉིས་ཀར་དངོས་པོའི་དཔལ་ཡོན་གྱིས་ཤན་ཞུགས་ཐེབས་ནའང་། ངེད་ཅག་གི་ཀུན་གཞིའི་ངོས་ན་ནམ་ཡང་ནང་པ་སངས་རྒྱས་ཆོས་ལུགས་ཀྱི་རིག་གནས་ཀྱི་ཆ་འདི་སྔར་བཞིན་གནས་ཡོད་ཕྱིར། ང་ཚོའི་རྩོམ་པ་པོ་རྣམས་ལ་འདིའི་ཐད་ཀྱི་ཤེས་བྱའི་བློ་སྦྱོང་ཙམ་ཀྱང་མེད་ཚེ། ཁྱོད་ཀྱིས་བྲིས་པའི་མི་དེ་རང་བཞིན་གྱི་བོད་མིའི་རང་གཤིས་དང་བདེན་པའི་རང་གཟུགས་དང་འགལ་འགྲོ་སྙམ་ཆེའོ། །དེ་བཞིན། རྩོམ་རིག་ནི་མིའི་རིག་པ་ཡིན་པའི་ཆ་ནས་དེས་བྱ་འགུལ་གྱི་དམིགས་ཡུལ་དང་དཀྱིལ་སྙིང་ཡང་མི་ལས་མ་འདས་ལ། ལྷག་པར་དུ་མིའི་ནང་སེམས་ཀྱི་འཇིག་རྟེན་དེ་ཡིན། དེ་ལྟ་ན། རང་རེའི་ནང་པ་སངས་རྒྱས་ཀྱི་སེམས་ཙམ་པ་དང་དབུ་མའི་གཞུང་གི་ལྟ་བ་འདི་དང་རྩོམ་རིག་གི་ལྟ་བ་ཁག་ཅིག་བར་འབྲེལ་བ་ངེས་ཅན་མཆིས་པར་མ་ཟད། ད་དུང་སེམས་ཀྱི་རྣམ་གཞག་དང་ངོ་བོ་མཚོན་པའི་རྗོད་བྱེད་ཐ་སྙད་ཀྱི་ཆ་ནས་ཀྱང་གཞན་ལ་ངོ་གནོང་མི་དགོས་པའི་ཐ་སྙད་ཡོད་ཕྱིར། འདིའི་ཐད་ནས་ངེད་ཅག་གིས་མཐའ་གཅིག་ཏུ་ནུབ་ཕྱོགས་དང་དེང་རབས་ཕྱི་མ་རིང་ལུགས་ཀྱི་རྗེས་སུ་འབྲང་དགོས་པའི་དགེ་བ་ངོ་མ་མི་མཐོང་སྟེ། དཔེ་དེ་བཞིན། རང་རེའི་བོད་ཀྱི་ཐང་གའི་རིག་གཞུང་ཁྲོད་ཀྱི་ཚོན་གྱི་མིང་གི་རྣམ་གྲངས་དང་ཐ་སྙད་ཀྱི་སྐོར། སྐྱེ་ཁམས་ཁོར་ཡུག་དང་རི་དྭགས་ཀྱི་རིགས་དང་རྣམ་གྲངས་སྐོར་གྱི་དེབ«གཙང་གསུམ་སྣ་མང་སྐྱེ་དངོས»ལྟ་བུ། དམངས་ཁྲོད་རིག་གནས་ཁྲོད་ཀྱི་དམངས་སྲོལ་དང་རིག་གནས་ཀྱི་འདུ་ཤེས་འཛིན་སྟངས་བར་གྱི་འབྲེལ་བ་སོགས་ལ་བློ་སྦྱོང་བྱེད་པ་དང་མཉམ་དུ། ད་དུང་སྨན་གཞུང་གི་རྒྱུན་ཤེས་དང་གླུ་གཞས་དང་ཞབས་བྲོ། གནའ་དེང་བོད་རྒྱ་ཕྱི་གླིང་སོགས་ཀྱི་རི་མོ། ལྷག་ཏུ་དེང་གི་མཛེས་རིག་རིག་པའི་གཞུང་ལུགས་ཀྱི་བློ་སྦྱོང་ནི་རྩོམ་པ་པོ་ཞིག་ལ་མཚོན་ན་དེ་བས་ཀྱང་མེད་དུ་མི་རུང་བའི་རྩོམ་རིག་གི་མིག་དབང་ལྟ་བུ་ཡིན།ཕུལ་བྱུང་གི་བརྩམས་ཆོས་ནི་མི་རིགས་ཤིག་གི་མུན་སེལ་གྱི་སྒྲོན་མེ་དང་དུས་རབས་ཀྱི་སྔོན་སྐྱོད་པ། མིའི་རིགས་ཀྱི་བསམ་བློའི་བཟོ་བཀོད་པ་ཡིན་ཕྱིར། བརྩམས་ཆོས་ཤིག་གི་ནང་མངོན་པའི་ཡང་དག་པའི་འཇིག་རྟེན་ལྟ་ཚུལ་དང་། མི་ཚེའི་ལྟ་ཚུལ། རིན་ཐང་ལྟ་ཚུལ་གྱིས་ཡུན་དང་ཤུགས་ནས་མི་སྒེར་བྱེ་བྲག་པ་རེ་རེ་ནས་མི་རིགས། ཡང་ན་མིའི་རིགས་ཀྱིས་འཇིག་རྟེན་དང་མིའི་གནས་སྡོད་ལ་ཅི་ལྟར་ལྟ་མིན་དང་བསམ་གཞིག་བྱེད་མིན་སོགས་དང་འབྲེལ་བ་དམ་ཟབ་ཡོད་པས། རང་རེའི་རྩོམ་པ་པོ་རྣམས་ཀྱིས་ཀྱང་ནམ་ཡང་འདི་ལྟའི་འགན་འཁྲིའི་འདུ་ཤེས་ཤིག་གི་རྩོམ་རིག་གི་ལྟ་བའི་རྨང་ཐོག་ནས། རྩོམ་རིག་གཞུང་ལུགས་དང་གཞན་ད་དུང་ཤེས་བྱའི་གནས་མཐའ་དག་ལ་བློ་སྦྱོང་ནན་མོ་བྱས་ཚེ། བྲི་བར་བྱ་བའི་བརྩམས་ཆོས་ཀྱིས་ད་གཟོད་མི་དང་མི་ཚེ། མིའི་མི་གཤིས་དང་མིའི་ཚེ་སྲོག མིའི་འཚོ་སྡོད་དང་མི་ཚེའི་དོན་སྙིང་། མིའི་རང་དབང་དང་རྩིས་ཐང་ཐད་ལ་ངེས་རྟོགས་དང་། མཐོར་འདེགས་སམ་རིན་ཐང་གི་ཕན་ནུས་འདོན་ཐུབ་སྲིད་པར་སྙམ། །
དཔྱད་གཞིའི་རྒྱུ་ཆ།
༡ བདུད་ལྷ་རྒྱལ། «བོད་ཀྱི་བརྩམས་སྒྲུང་གསར་པའི་གནས་སྟངས་དང་དེའི་འགག་སྒྲུབ»[D] ཤ 13
༢ སྦྲང་ཆར་རྩོམ་སྒྲིག་ཁང་གིས་བསྒྲིགས། «རྩོམ་དཔྱད་ཉིང་བཏུས»[M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2016ལོའི་དཔར་མ། ཤ 3
༣ ཆོས་སྐྱོང་། «ཟིང་ལོང་རྡེའུ་འགྲེམས»[M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2018ལོའི་དཔར་མ། ཤ 293
༤ བདུད་ལྷ་རྒྱལ།«བོད་ཀྱི་བརྩམས་སྒྲུང་གསར་པའི་གནས་སྟངས་དང་དེའི་དགག་སྒྲུབ»[D]ཤ 196
༥ བཀྲ་བྷས་བསྒྲིགས། «གསར་རྩོམ་ཉམས་མྱོང་གླེང་བ»[M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2013ལོའི་དཔར་མ། ཤ 101
༦ བཙུན་པོ་དོན་གྲུབ།«ཚེ་རིང་དོན་གྲུབ་ཀྱི་སྒྲུང་གཏམ་ལ་དཔྱད་པ»[M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2014ལོའི་དཔར་མ། ཤ 53
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10