ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། 2022-03-01
ཉེ་ཆར། གསར་འགོད་པར་ལྷོ་ཁ་གྲོང་ཁྱེར་གྱི་འབྲེལ་ཡོད་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། འདི་ལོ་ལྷོ་ཁ་གྲོང་ཁྱེར་གྱིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་8%ཡན་འཕར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་10%དང་12%ཡན་སོ་སོར་འཕར་བ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་3%ནང་ཚུན་དུ་ཚོད་འཛིན་བྱེད་པ། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཤོར་བརྟག་དཔྱད་བྱེད་ཚད་5%ནང་ཚུན་དུ་ཚོད་འཛིན་བཅས་བྱ་རྒྱུ་ཡིན་པ་རེད།
གོང་གསལ་གྱི་དམིགས་ཚད་ལེགས་སྒྲུབ་བྱ་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས་ས་མཐོའི་སྐྱེ་དངོས་ཐོན་ལས་འཕེལ་རྒྱས་གང་མགྱོགས་བཏང་ནས་བོད་བྱ་དང་བོད་ཕག་ཐོན་ལས་སོགས་སྣེ་འདྲེན་ཐོན་ལས་ལ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་དང་། ས་ཞིང་ལེགས་པོ་དང་། སོན་བཟང་། ཐབས་བཟང་བཅས་ཕན་ཚུན་ཆ་འགྲིག་ཡོང་བ་མཐའ་འཁྱོངས་བྱས་ནས་འབྲུ་རིགས་ཐོན་འབབ་ཏུན་ཁྲི་16.85ཡོང་བའི་འགན་ལེན་བྱ་རྒྱུ། དེའི་ནང་ནས་ཀྱི་ཐོན་འབབ་ཏུན་ཁྲི་11.2ཡན་ཟིན་རྒྱུ་དང་། ནུས་རྒྱུ་གཙང་མའི་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་བཏང་ནས་ལྷ་ཁང་གློག་ཁང་བསྐྲུན་ནས་གློག་གཏོང་རྒྱུ། ལྗང་མདོག་བཟོ་ལས་མགྱོགས་མྱུར་འཕེལ་རྒྱས་བཏང་ནས་རང་བྱུང་འཐུང་ཆུ་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་20%འཕར་བ་བྱ་རྒྱུ། རིག་གནས་ཡུལ་སྐོར་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་བཏང་ནས་ལོ་ཧྲིལ་པོར་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་དང་ཡུལ་སྐོར་ཡོང་འབབ་14%དང་12%ཡན་སོ་སོར་འཕར་བའི་འགན་ལེན་བྱ་རྒྱུ། དེང་རབས་ཀྱི་ཞབས་ཞུའི་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་བཏང་ནས“སྐར་མ་བཅོ་ལྔའི་སྟབས་བདེའི་འཚོ་བའི་ཁུལ”འཛུགས་རྒྱུའི་ཚོད་ལྟ་བྱས་ནས་སྤྱི་ཚོགས་ཀྱི་འཛད་རྫས་སིལ་འཚོང་བསྡོམས་འབོར་10%ཙམ་འཕར་བར་བྱ་རྒྱུ་བཅས་རེད།
དེ་དང་ཆབས་ཅིག་ལྷོ་ཁ་གྲོང་ཁྱེར་གྱིས་ལེགས་ཆ་གསབ་རེས་མཐའ་འཁྱོངས་བྱས་ནས། ལྷོ་ཁ་དང་ལྷ་ས་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཡར་ཀླུང་གཙང་པོའི་དཔལ་འབྱོར་རྒྱུད་ཀྱི“གཙོ་ཁྲིད་གཅིག་གིས་སྣེ་ཁྲིད་དང་ཕྱོགས་གཉིས་མཉམ་འགུལ”གྱི་རྣམ་པ་སྲ་བརྟན་དང་སྟོབས་ཆེར་གཏོང་རྒྱུ་ཡིན་ཞིང་། མཐའ་མཚམས་མུ་ཏིག་གྲོང་རྡལ་ཆུང་ངུ་ཧུར་ཐག་བསྐྲུན་ནས་ལྷུན་རྩེ་རྫོང་ལྷུན་རྩེ་གྲོང་རྡལ་མཐའ་དར་དམངས་ཕྱུག་གི་ལྟེ་བའི་གྲོང་ཁྱེར་དང་གྲོང་རྡལ་དུ་སྐྲུན་རྒྱུ་དང་། རྫོང་ཁོངས་དཔལ་འབྱོར་གྱི་གཅིག་སྡུད་ནུས་པ་མགྱོགས་མྱུར་ཆེ་རུ་བཏང་ནས་མཚོ་སྨད་རྫོང་དང་། ལྷོ་བྲག་རྫོང་། ལྷུན་རྩེ་རྫོང་བཅས་ཀྱི་རྫོང་གྲོང་དང་ས་བབ་མཐོ་བའི་ཤང་གྲོང་20ཡི་དྲོད་རླངས་མཁོ་འདོན་རྣམ་གྲངས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། གྲ་ནང་རྫོང་བསམ་ཡས་གྲོང་རྡལ་དང་། གོང་དཀར་རྫོང་ལྕེ་བདེ་ཞོལ་གྲོང་རྡལ་གྱི་རྒྱལ་ཁབ་རིམ་པའི་ཁྱད་ལྡན་གྲོང་རྡལ་ཆུང་ངུ་དང་། མཚོ་སྨད་རྫོང་གྲི་གུ་གྲོང་རྡལ་གྱི་ས་མཐོའི་ཁྱད་ལྡན་ཡུལ་སྐོར་གྲོང་རྡལ་ཆུང་ངུ་བཅས་སྐྲུན་རྒྱུ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་ལྷུན་རྩེ་ཉིང་ལག་གནམ་ཐང་དུ་གནམ་གྲུ་ཤར་གཏོང་ཐུབ་པ་བྱེད་རྒྱུ། རྩེད་ཐང་གློག་སྒྱུར་ས་ཚིགས་ཀྱི་ཤོང་ཚད་ཆེ་རུ་གཏོང་བའི་སྒྱུར་བཀོད་དང་རྒྱ་སྐྱེད་པའི་ཆན་ཧྥུའུ་110ཡི་གློག་གཏོང་གློག་སྒྱུར་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་མགྱོགས་སུ་བཏང་ནས་མང་ཚོགས་ཀྱི་གློག་སྤྱོད་ཀྱི་དགོས་མཁོ་སྔར་བས་སྐོང་རྒྱུ་བཅས་རེད།
གཞན་ཡང་། ལྷོ་ཁ་གྲོང་ཁྱེར་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས་གཞི་ཁྱོན་ཡན་གྱི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་ལ་མ་མཐར་ཡང་ཁྲོམ་རའི་ཕན་འབྲས་བཟང་བ་དང་སྐུལ་ཁྲིད་ཀྱི་ཕན་འབྲས་ཆེ་བའི་ལེ་ལག་ཚང་བའི་ཐོན་ལས་1སྐྲུན་རྒྱུ་དང་། གྲོང་ཚོའི་རྣམ་པ་མུ་མཐུད་ལེགས་སུ་བཏང་ནས་མཛེས་སྡུག་ལྡན་པའི་དཔེ་སྟོན་ཤང་གྲོང་34དང་སྲོལ་རྒྱུན་གྲོང་ཚོ་8སྐྲུན་རྒྱུ། དམངས་འཚོར་ཕན་བཏགས་ནས་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་ཟིན་པ་བྱེད་རྒྱུ། རྫོང་དང་ཤང་རིམ་པ་གཉིས་ཀྱི་དངོས་ཚན་ཅན་གྱི་ལས་ཞུགས་གཞན་སྒྱུར་ལས་དོན་གྱི་ཆེད་དོན་ཚན་ཁག་དང་ལས་གཉེར་མཉམ་འབྲེལ་རུ་ཁག་བཙུགས་ནས་ཞིང་འབྲོག་པ་མི་ཐེངས་ཁྲི་1.2ལ་རྩལ་ནུས་གསོ་སྦྱོང་བྱས་ནས་ཞིང་འབྲོག་པ་ཁྲི་11ཡན་ལས་ཞུགས་གཞན་སྒྱུར་དང་ངལ་ནུས་ཕྱིར་གཏོང་བྱེད་ཚད་མི་ཁྲི་6ཟིན་པ་བྱས་ནས་ཡོང་འབབ་སྒོར་དུང་ཕྱུར་8ཡན་ཟིན་པ་བྱེད་རྒྱུ། སྤྱི་པའི་ཞབས་འདེགས་ལེགས་བཅོས་རིམ་སྤོར་ལ་སྐུལ་འདེད་བཏང་ནས“N+3”གྱི་ལས་གནས་འོས་སྦྱོར་བྱེད་ཐབས་ཟབ་ཏུ་བཏང་སྟེ་ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་98%ཡན་དང་། ཁྲོམ་རར་ལས་ཞུགས་ཐུབ་ཚད་70%ཡན། ལྗོངས་ཕྱིར་ལས་ཞུགས་ཐུབ་ཚད་10%ཡན་རྒྱུན་འཁྱོངས་ཐུབ་པ་བྱེད་རྒྱུ། རིག་གནས་ཁྱབ་གདལ་ལ་སྐུལ་འདེད་བཏང་ནས་རིག་རྩལ་གཤམ་སྤེལ་བྱེད་སྒོ་ཐེངས་4000ཡན་སྤེལ་རྒྱུ་དང་སྤུས་ཚད་མཐོ་བའི་ཕུལ་བྱུང་རིག་རྩལ་བརྩམས་ཆོས་50ཡན་གསར་རྩོམ་བྱེད་རྒྱུ། སྒྱུར་བཅོས་མུ་མཐུད་ཟབ་ཏུ་བཏང་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་སྟེ་ཚོང་འགུགས་མ་འདྲེན་སྒོར་དུང་ཕྱུར་70བརྩོན་ལེན་བྱེད་པ་དང་ཁྲོམ་རའི་བྱེད་པོ་ཐོ་འགོད་བྱེད་ཚད་6.5%ཡན་འཕར་བར་བྱེད་རྒྱུ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ཤིང་འཛུགས་ནགས་བཟོའི་རྒྱ་ཁྱོན་མུའུ་ཁྲི་5མང་དུ་བཏང་སྟེ་གྲོང་ཁྱེར་དང་གྲོང་རྡལ་གཙོ་བོའི་མཁའ་རླུང་ལེགས་ཚད་99%ཡན་རྒྱུན་འཁྱོངས་དང་གཙང་པོ་དང་། ཆུ་བོ། མཚོ་བཅས་གཙོ་བོའི་ཆུའི་སྤུས་ཚད་རིགས་Ⅲཡན་དུ་སླེབས་པའམ་ཡང་ན་དེ་ལས་ལེགས་པ་ཡོང་བར་བྱེད་རྒྱུ་བཅས་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10