ཚུགས་ཐུབ་ཀྱི་མི་ཞིག་བྱ་དགོས།

གཡུ་ཆུང་ཡེ་རྡོར།        2022-02-28

མིའི་སེམས་ནི་གཟུང་བ་ཡུལ་དང་འཛིན་པ་སེམས་ཀྱིས་དབང་སྡུད་དུ་གྱུར་པས། ནང་གི་དབང་པོ་སྟེ་མིག་རྣ་སྣ་ལྕེ་ལུས་རྣམས་ཀྱང་ཕྱིའི་གཟུགས་སྒྲ་དྲི་རོ་རེག་བྱ་སོགས་ཀྱིས་སྒུལ་སྐྱོད་གནང་གི་ཡོད་པ་རེད། དེ་བས། སྤྲོ་བ་ཁྲི་འབུམ་གྱིས་ཁེངས་པའི་དབྱར་ཟླ་དང་སྐྱོ་སྣང་འཛད་མཐའ་བྲལ་བའི་དགུན་དུས་སོགས་ཀྱང་ཕྱིའི་གནས་སྟངས་དང་ནང་གི་འགྱུར་བར་བརྟེན་ནས་བྱུང་བ་ཡིན། མི་ནི་རྟག་ཏུ་ནང་སེམས་ཏིང་འཛིན་དུ་གནས་རྒྱུར་ཧ་ཅང་ཆེ་བར་མ་ཟད། ཚུགས་ཐུབ་ཀྱི་རང་གཤིས་མངའ་རྒྱུ་ཡང་དོན་གལ་ཆེན་པོ་ཡིན།

དེ་བཞིན་དུ། ཤེས་ཡོན་ཙམ་སྦྱངས་པའིའི་གོ་སྐབས་ཐོབ་དང་མ་འཐོབ་གཉིས་ཀྱང་སྐབས་ཀྱི་གནས་སྟངས་དང་སེམས་ཁམས་ཀྱི་དབང་དུ་ཚུད་ཡོད་པ་རེད། སྒོས་སུ་ཤེས་ཡོན་པའི་སྡེ་རུའང་ཚུགས་ཐུབ་ཀྱི་ལྟ་བ་དང་མི་ཚུགས་ཀྱི་བསམ་བློ་བྱུང་དཀའ་མོ་འདུག། རང་རེས་ཤེས་ཡོན་སྦྱོང་པའི་སྐབས་སུ་རང་གིས་སྙེག་ཆོག་ཆོག་གི་བདེན་པ་ཞིག་བཙལ་ཡོད་ནའང་། རང་རེ་སྤྱི་ཚོགས་དང་གདོང་གཏུགས་པའི་སྐབས་སུ་ཚུགས་ཐུབ་ཀྱི་བདེན་པ་ཞིག་ཏན་ཏན་རྙེད་དཀའ་ཡོང་། དེ་ནི་རང་རེའི་སྦྱང་བྱ་དང་ཡང་ན་སྐབས་ཀྱི་སྤྱི་ཚོགས་ལ་བཟུང་བའི་འཛིན་པ་དེ་དངོས་ཡོད་སྤྱི་ཚོགས་སོ་སོར་གྱེས་པས་རེད། དེ་བས། རང་ཚོའི་བསླབ་བྱ་ནི་མིའི་ཤེས་རིག་གི་སྟོང་ཆ་སྐོང་བའི་སྦྱང་བྱ་ཡིན་པ་ལས་སྤྱི་ཚོགས་ཀྱི་འཇུག་སྒོ་ཞིག་གཏན་ནས་མ་ཡིན་པས་རེད།

ཤེས་ཡོན་པ་ནི་སྣ་གཅིག་རྐང་འཛིན་དང་སྣ་མང་ཀུན་ཤེས་གཉིས་སུ་བཟླས་ཕྱེས་པའི་སྔ་མ་ནི་གསོ་རིག་ཆེད་སྦྱོང་ལྟ་བུ་དང་ཕྱི་མ་ནི་བོད་ཀྱི་རིག་གནས་སྤྱི་ལ་རྒྱུས་མངའ་ཏོག་ཙམ་ཡོད་པ་དེ་རེད། དེ་གཉིས་སོ་སོར་རང་གི་ཁྱད་ཆོས་དང་བཀོལ་སྤྱོད་ཀྱི་རིན་ཐང་ཡོད་ནའང་། སྤྱི་ཚོགས་ཀྱི་ལས་གཞིའི་ངོས་ནམ་ཡང་སྣ་གཅིག་རྐང་འཛིན་ལ་རྒྱལ་ཁ་ཐོབ་ངེས། དེ་ནི་གཙོ་བོ་སྤྱི་ཚོགས་ཀྱི་ངོས་ནས་རིན་ཐང་གིས་གྱེས་ཀྱིན་ཡོད། རང་རེས་མི་འཇོན་ནུས་ཅན་དང་རྩེར་སོན་པ། ཡང་ན་མི་གླེང་རིན་ཅན་ཞིག་བྱ་འདོད་ཚེ། ཚུགས་ཐུབ་ནི་མེད་དུ་མི་རུང་བའི་ལག་ཆ་གཙོ་ཤོས་དེ་ཡིན་པས། རྟག་ཏུ་བྱ་བ་སྣ་གཅིག་ཧུར་འབད་བྱས་ནས་དེའི་གྲུབ་འབྲས་བླ་མེད་དེར་སྒུག་པ་ལས། གང་དྲན་དྲན་གྱི་བྱ་བ་དག་དང་བླངས་བྱས་ནས་རང་ཉིད་ལ་སྡོམ་རྩིས་བྱ་རྒྱུ་མེད་པ་ཞིག་ནམ་ཡང་བྱེད་མི་འོས་སོ།། 


  • ལེ་ཚན་སྔོན་མ།:དཔེ་དེབ།
  • ལེ་ཚན་རྗེས་མ།:ངེད་ཚང་གི་ཐབ་ཀ།