དམངས་ཕྱུག་དར་རྒྱས་ཀྱི་མཁའ་ལམ་ཞིག་བར་སྣང་སྤྲིན་རིམ་ནས་བསྲིངས།

རྟ་མགྲིན་རྡོ་རྗེས་བསྒྱུར།        2022-02-28

དམངས་ཕྱུག་དར་རྒྱས་ཀྱི་མཁའ་ལམ་ཞིག་བར་སྣང་སྤྲིན་རིམ་ནས་བསྲིངས།
གཡག་རྔ་ནས་དར་མདོའི་མྱུར་བགྲོད་གཞུང་ལམ་ལས་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན།

ཀ། ཉེ་ཆར། ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2021ལོར་སི་ཁྲོན་ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིང་གི་མཛུབ་ཁྲིད་འོག། སི་ཁྲོན་གཞུང་ལམ་ཟམ་པ་འཛུགས་སྐྲུན་ཚད་ཡོད་སྤྱི་གཉེང་ཁང་གིས་སྐྲུན་འགན་འཁུར་བའི་གཡག་རྔ་ནས་དར་མདོའི་མྱུར་བགྲོད་གཞུང་ལམ་ལས་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་སོགས་སི་ཁྲོན་གྱི་ལས་གཞི་དྲུག་ལ་ཀྲུང་གོའི་འཛུགས་སྐྲུན་ལས་གྲྭའི་ལུའུ་པན་བྱ་དགའ་ཐོབ་པ་རེད།

གཡག་རྔ་ནས་དར་མདོའི་མྱུར་བགྲོད་གཞུང་ལམ་གྱི་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་ནི་དྲྭ་ལམ་ཁག་ན་སྐད་གྲགས་ཁྱབ་ཡོད། ཟམ་པ་དེའི་རིང་ཚད་ལ་སྨི1411ཡོད་པ་དང་ཟམ་པ་གཙོ་བོ་ནི་སྨི1100ཡི་ཁེར་རྐྱང་ལྕགས་གདུང་གི་འཕྱངས་ཟམ་ཡིན་པ་དང་། གཡག་མདོ་མྱུར་བགྲོད་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོའི་དཀའ་ཚེགས་ཆེས་ཆེ་བའི་གཙོ་གནད་ལས་གྲྭའི་གྲས་ཤིག་ཡིན་པས་ཁྲོན་བོད་ཟམ་པ་དང་པོ་ཞེས་པའི་མཚན་སྙན་ཐོབ། དེར་ས་བབ་མཐོ་བ་དང་ས་ཡོམ་རྒྱག་ཤུགས་ཆེ་བ། ལྷགས་པ་ཆེ་བ་དང་དྲོ་གྲང་ཧེ་བག་ཆེ་བ། ཇུས་འགོད་གསར་པ་དང་ལག་རྩལ་གསར་པས་ཕྱུག་པ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད་པ་རེད། ལས་གཞི་དེར་གསར་གཏོད་ཆེད་དབང6དང་དངོས་སྤྱོད་དཔེ་གསར་གྱི་ཆེད་དབང12དང་སི་ཁྲོན་ཞིང་ཆེན་གྱི་ཚན་རྩལ་ཡར་ཐོན་བྱ་དགའ་ཨང་དང་པོ1བཅས་ཐོབ་པ་དང་ཆབས་ཅིག། ཟམ་པ་དེར་ད་དུང་ཟམ་པའི་ལས་རིགས་ཀྱི་ནོ་པེར་བྱ་དགའ་སྟེ“ཀུའུ་སི་ཐ་ཕུའུ·ལིན་ཏེང་ཧྲའོ”ཡི་གསེར་གྱི་བྱ་དགའ་ཐོབ་པ་རེད།

གཡག་མདོ་མྱུར་བགྲོད་གཞུང་ལམ་ནི་རྒྱལ་ཁབ་མྱུར་བགྲོད་གཞུང་ལམ་དྲ་བ་གཡག་རྔ་ནས་ཞིན་ཅང་ཡེ་ཁྲེང་བར་གྱི་འབྲེལ་གཏུག་ལམ་ཐིག(G421)ཁྲོད་ཀྱི་ལམ་དུམ་ཞིག་ཡིན་པ་དང་། ལས་གཞིའི་སྤྱིའི་རིང་ཚད་སྤྱི་ལེ135(དེའི་ནང་གཡག་རྔའི་ལམ་ཚད་སྤྱི་ལེ89དང་དཀར་མཛེས་ཁུལ་གྱི་ལམ་ཚད་སྤྱི་ལེ46ཡོད)ལ་ཟིན་ཡོད། ཟམ་པ་དང་ཕུག་ལམ་གྱི་བསྡུར་ཚད་བརྒྱ་ཆ82ལ་ཟིན་ཞིང་། ལམ་ངོས་ཞེང་ཚད་ལ་སྨི24.5ཡོད་པ་དང་ཕྱོགས་གཉིས་སུ་འཁོར་ལམ4ཡོད། ཇུས་འགོད་མགྱོགས་ཚད་ཆུ་ཚོད་རེར་སྤྱི་ལེ80ཡིན་པ་རེད།

ལས་གཞི་དེ་གཡག་རྔ་གྲོང་ཁྱེར་ཡུས་ཁྲེང་ཁུལ་ཚའེ་པ་གྲོང་རྡལ་ནས་མགོ་ཚུགས་པ་དངG93ཁྲེང་ཏུའུ་དང་ཁྲུང་ཆིང་དཔལ་འབྱོར་ཁུལ་གྱི་ལི་ཧྲན་དང་གཡག་རྔའི་བར་གྱི་མྱུར་བགྲོད་གཞུང་ལམ་དང་སྦྲེལ་མཐུད་བྱས་པ་དང་། ཡན་ཀྲེན་དངG5པེ་ཅིང་ནས་ཁུན་མིང་བར་གྱི་མྱུར་བགྲོད་གཞུང་ལམ་ཁྲེང་གཡག་ལམ་དུམ་དང་གཡག་ཞི་ལམ་དུམ་བར་འབྲེལ་མཐུད་བྱས་པའི་འགག་རྩར་ཆགས་ཤིང་། ནུབ་རྒྱུད་དུ་སྲིབ་སྨད་རྫོང་དང་ལྕགས་ཟམ་རྫོང་བརྒྱུད་ནས་དར་མདོའི་གྲོང་ཤར་དུ་གཏུག་ཡོད། ལམ་ཐིག་ཧྲིལ་པོར་ཕྱོགས་གཉིས་དང་འཁོར་ལམ་བཞིའི་མྱུར་བགྲོད་གཞུང་ལམ་གྱི་ཚད་གཞི་སྤྱད་པ་དང་རགས་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར230བཏང་ཡོད་པ་རེད།

དེའི་ཁྲོད་ཀྱི་འུ་ལག་རི་བོའི་དམིགས་བསལ་ཕུག་ལམ་དེ2012ལོར་ལས་མགོ་ཚུགས། ཆ་སྙོམས་ས་བབ་མཐོ་ཚད་སྨི1500ལ་ཟིན་པ་དང་རིང་ཚད་ཧྲིལ་པོར་སྨི13459ཡོད། དེ་ནི་རྒྱལ་ཡོངས་སུ་རླངས་འཁོར་ཤར་གཏོང་ཐུབ་པའི་ས་བབ་མཐོ་བའི་ས་ཁུལ་གྱི་མྱུར་བགྲོད་གཞུང་ལམ་གྱི་ཕུག་ལམ་རིང་ཤོས་དེ་ཡིན་པས“ཁྲོན་བོད་ཕུག་ལམ་དང་པོ”ཞེས་པའི་མཚན་སྙན་ཐོབ། དེ་ནི་འཛམ་གླིང་ཐོག་འཕྲེད་བཅད་ཁྲོན་པ་བེད་སྤྱོད་བྱས་ནས་ཕུག་ལམ་གཙོ་བོའི་ལྡོག་ཕྱོགས་སུ་ཨར་ལས་བྱེད་པའི་ཕུག་ལམ་རིང་བོ་ཞིག་ཡིན་པ་དང་ཕན་ནུས་ལྡན་པའི་སྒོ་ནས་འུ་ལག་རི་བོའི་དོམ་ཁྲའི་འཚོ་གནས་ཁུལ་སྲུང་སྐྱོང་བྱས་ཡོད་པ་རེད།

ཁ། ལས་གཞི་ལེགས་འགྲུབ་བྱུང་ནས་རླངས་འཁོར་ཤར་གཏོང་ཐུབ་རྗེས། ཁྲེང་ཏུའུ་གྲོང་སྐོར་མྱུར་བགྲོད་གཞུང་ལམ་ནས་ཆུ་ཚོད་གཉིས་དང་ཕྱེད་ཀའི་ནང་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་དུ་སླེབས་ཐུབ་པ་དང་དེ་སྔོན་དང་བསྡུར་ན་དུས་ཡུན་ཕྱེད་ཀ་བསྟུངས་ཐུབ་ཡོད། ལམ་ཐག་ཧྲིལ་པོར་སྤྱི་ལེ13.4ཡོད་པའི་འུ་ལག་རི་བོའི་ཕུག་ལམ་དེར་ས་བབ་མཐོ་ཚད་དེ་སྔོན་གྱི་རྒྱལ་ལམ318ལམ་ཐིག་གི་འུ་ལག་རི་བོའི་ཕུག་ལམ་ལས་སྨི700ཙམ་ཆག་པ་དང་འགྲོ་སྐྱོད་དུས་ཚོད་སྐར་མ15བར་ཐུང་དུ་ཕྱིན་ཡོད་པ་རེད།

ལས་གཞིའི་དོ་བདག་སི་ཁྲོན་འགྲིམ་འགྲུལ་མ་འཇོག་གཡག་རྔ་དང་དར་མདོ་སྤྱི་གཉེར་ཁང་གི་འགན་འཁུར་བས། གཡག་མདོའི་མྱུར་བགྲོད་གཞུང་ལམ་བསྐྲུན་པ་དེས་སི་ཁྲོན་དཀར་མཛེས་ཁུལ་དུ་མྱུར་བགྲོད་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་བསྒྲིལ་ནས་དཀར་མཛེས་ཁུལ་གྱི་འགྲིམ་འགྲུལ་འགྲོ་སྐྱོད་ཀྱི་ཆ་རྐྱེན་ཆེས་ཆེར་ལེགས་སུ་བཏང་ནས་བོད་འབྲེལ་ས་ཁུལ་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་དང་བོད་འབྲེལ་ས་ཁུལ་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད་ཅེས་བཤད།

མཁའ་ལམ་དེར་རླངས་འཁོར་ཤར་གཏོང་ཐུབ་ནས་ལོ་གསུམ་ལྷག་ཙམ་སོང་རིང་རླངས་འཁོར་འགྲོ་སྐྱོད་བྱེད་ཚད་ཁྲི4000ཡི་བརྒལ་ནས་མཐོ་སྒང་གངས་ལྗོངས་དང་དབུས་ཁུལ་བདེ་ཐང་བར་གྱི་བར་ཐག་ཇེ་ཉེ་རུ་བཏང་བར་མ་ཟད། ལམ་རྒྱུད་གཡས་གཡོན་གྱི་མི་སེར་ཚོའི་འགྲིམ་འགྲུལ་ཤར་བགྲོད་ཐུབ་པར་སྟབས་བདེ་བསྐྲུན་པ་དང་ལས་རིགས་ཚང་མ་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བས་མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་དམངས་ཕྱུག་ལམ་བུར་གྱུར།

ཉིན་ཤས་ནང་གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་དུ་ཕྱིར་ལོག་བྱེད་མཁན་གྱི་འགྲུལ་པ་མང་བའི་དུས་སླར་ཡང་བསུས། སི་ཁྲོན་གཤོང་ས་ནས་དཀར་མཛེས་ཁུལ་ལ་འགྲོ་བའི་མྱུར་བགྲོད་གཞུང་ལམ་ཉག་གཅིག་ཡིན་པའི་ཆ་ནས་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་རླངས་འཁོར་ཁྲི58བསྐྱོད་ནས་གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ལེགས་འགྲུབ་བྱུང་བ་ནས་ད་བར་གྱི་དཔྱིད་གསར་སྐྱེལ་འདྲེན་གྱི་འགྲོ་སྐྱོད་བྱེད་ཚད་མཐོ་ཤོས་བཏོད་ཡོད།

སི་ལམ་ཚོགས་པའི་གཡག་རྔ་ནས་དར་མདོའི་མྱུར་བགྲོད་གཞུང་ལམ་གྱི་གཉེར་དཔོན་གཞོན་པ་ལི་ཝན་ཅུན་གྱིས་མིག་སྔའི་བར་རླངས་འཁོར་འགྲོ་སྐྱོད་བྱེད་ཚད་ཁྲི4000ལས་བརྒལ་བ་དང་། རྒྱུན་གཏན་གྱི་ཕྱིར་གཏོང་ནང་འདྲེན་རླངས་འཁོར་འགྲོ་སྐྱོད་བྱེད་ཚད་ཁྲི2ཙམ་ཟིན་ཡོད། སྲིབ་སྨད་ཞབས་ཞུ་ཁུལ་དེ་རིམ་འདས་ཞབས་ཞུ་ཁུལ་ཞིག་ཡིན་པའི་ངོས་ནས་ཉིན་རེར་མང་ཤོས་རླངས་འཁོར་ཁྲི75ལྷག་ཡོང་གི་ཡོད་ཅེས་བཤད་པ་རེད།

རི་ཁུལ་གྱི་མྱུར་བགྲོད་གཞུང་ལམ་ཞིག་ལ་རྒྱུག་ཚད་མཐོ་བའི་རྒྱབ་ཕྱོགས་སུ་དེའི་གལ་ཆེན་རང་བཞིན་མངོན་ཡོད། དེ་སྔོན་གྱི་ཁྲོན་བོད་གཞུང་ལམ་དུ་ཁྲེང་ཏུའུ་ནས་དར་མདོའི་བར་ཉིན་གཅིག་གི་ལམ་ཐག་ནས་ཆུ་ཚོད་གསུམ་དང་ཕྱེད་ཀ་བར་ཐུང་དུ་ཕྱིན་པ་དང་། དེ་ལས་ཡུལ་སྐོར་བ་ཇེ་མང་དུ་ཕྱིན་ནས་དཀར་མཛེས་ཁུལ་ཁྱོན་ཡོངས་ཀྱི་འགྲོ་སྐྱོད་དགོས་མཁོ་ཆེ་རུ་ཕྱིན་ཡོད།

དཀར་མཛེས་ཁུལ་དར་མདོའི་ཁྲོན་བོད་གསར་པའི་སྐྱེལ་འདྲེན་ལས་རིགས་ཚད་ཡོད་སྤྱི་གཉེར་ཁང་སྤྱི་ཁྱབ་སྤྱི་གཉེར་བ་ཞེ་པིང་གོ་ཡིས་སྤྱི་གཉེར་ཁང་གིས་མ་དངུལ་སྒོར་ཁྲི་ཉིས་སྟོང་ལྷག་ཙམ་བཏང་ནས་འགྲུལ་སྐྱེལ་རླངས་འཁོར་སུམ་ཅུ་ལྷག་ཙམ་ཉོས་ཡོད། ཁྲེང་ཏུའུ་ནས་དར་མདོ་དང་དུང་དཀར་ལུང་པ། ཁྲེང་ཏུའུ་ནས་འདབ་པའི་ཉི་སྟེན་བར་གྱི་ཡུལ་སྐོར་ཐད་གཏོང་རླངས་འཁོར་ཤར་གཏོང་ཐུབ་ཡོད་པ་དང་། ཡུལ་སྐོར་བའི་འགྲོ་སྐྱོད་ཀྱི་ལས་ཕྱོད་ཆེ་རུ་ཕྱིན་པ་དང་འགྲོ་སྐྱོད་ཀྱི་ཁྱབ་ཁོངས་ཆེ་རུ་ཕྱིན་ཡོད་ཅེས་བཤད་པ་རེད།

རླངས་འཁོར་འགྲོ་སྐྱོད་མགྱོགས་པས་ཡུལ་སྐོར་འགྲོ་སྐྱོད་ཀྱང་ཇེ་མང་དུ་ཕྱིན། ཉེ་བའི་ལོ་ཤས་རིང་ཕྱག་ཕྲེང་རྫོང་ཕྲེང་སྟོད་གྲོང་རྡལ་དུ་མི་སེར་མི་ཉུང་བ་ཞིག་གིས་མ་སྐུལ་དང་ལེན་གྱིས་གནས་ཚང་དང་གྲོང་གསེབ་འགྲུལ་ཁང་བསྐྲུན་དང་སྐྲུན་བཞིན་ཡོད།

ཕྱག་ཕྲེང་རྫོང་གི་གནས་ཚང་གཉེར་སྐྱོང་བྱེད་མཁན་ཚེ་རིང་གིས་སྤྲོ་སེམས་འཁོལ་བའི་སྒོ་ནས “ང་ཚོས་ཁྱིམ་ནང་དུ་ཁང་མིག5ཡོད་པའི་འགྲུལ་ཁང་བརྒྱབ་པ་ཡིན། དེ་སྔོན་ལོ་གཅིག་ནང་ང་ཚོའི་ཁྱིམ་དུ་ལས་ཀ་བྱས་པར་ཡོང་འབབ་སྒོར་ཁྲི2དང3ལས་མེད། ད་ཆ་ང་ཚོར་ལོ་རེར་ཉུང་མཐར་ཡང་ཡོང་འབབ་སྒོར་ཁྲི30ཡོང་གི་འདུག”ཅེས་བཤད།

ག།  ཉེ་བའི་ལོ་ཤས་རིང་། དཀར་མཛེས་ཁུལ་གྱི་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་ལོ་ལྟར་བྱེ་བ་ལས་བརྒལ་བ་དང་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་ལོ་རེར་དུང་ཕྱུར་བརྒྱ་འཕར་གྱི་ཡོད། མྱུར་བགྲོད་སྐྱེལ་འདྲེན་གྱིས་རིག་གནས་དང་ཡུལ་སྐོར་ཐོན་ལས་དར་རྒྱས་འགྲོ་བར་ཕན་པར་མ་ཟད། བེ་ཤ་དང་མཐོ་སྒང་ཤིང་འབྲས་དང་སྔོ་ཚལ་སོགས་ཞིང་ལས་ཐོན་རྫས་ཀྱི་ཚོང་ལམ་དེ་བས་ཕྱེས་ཡོད། ལྕགས་ཟམ་རྫོང་ཞིན་ལུང་གྲོང་རྡལ་དུ་ད་ལོ་མུའུ200ཡོད་པའི་གུར་གུམ་རྟེན་གཞི་གཞི་རྩའི་ཆ་ནས་བསྐྲུན་ཟིན་པ་དང་མུའུ་རེའི་ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི་བདུན་ལས་བརྒལ།

ལྕགས་ཟམ་རྫོང་ཞིན་ལུང་གྲོང་རྡལ་ཞི་བདེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ལིའུ་ཞན་ཧུའུ་ཡིས “གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་བསྐྲུན་རྗེས་དངོས་ཟོག་སྐྱེལ་འདྲེན་གྱི་དཀའ་གནད་བསལ་ཞིང་། ཕྱི་རོལ་གྱི་སྦྱིན་བདག་ཚང་མས་དེར་མ་འཇོག་བྱེད་འདོད་འདུག། ང་ཚོའི་གྲོང་ཚོར་ཡུལ་སྐོར་དུ་ཡོང་མཁན་མང་དུ་ཕྱིན་པ་དང་ཞིང་ཞོར་ཐོན་རྫས་ཕྱིར་འཚོང་བྱས་པས་མི་སེར་ཚོས་ཐོན་རྫས་ཕྱིར་འཚོང་དཀའ་བའི་གནད་དོན་ཐག་གཅོད་ཐུབ་ཡོད”ཅེས་བཤད།

བར་སྣང་གི་སྤྲིན་རིམ་ནས་བསྲིངས་པའི་མཁའ་ལམ་དེས་གཡག་རྔ་དང་དར་མདོའི་བར་གྱི་འགྲོ་འོང་གི་དཀའ་གནད་སེལ་བ་དང་། ཉེ་དུས་གཡག་རྔ་ནས་དར་མདོའི་མྱུར་བགྲོད་གཞུང་ལམ་གྱི་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་ལ་ལུའུ་པན་བྱ་དགའ་ཐོབ་པ་དང་། འུ་ལག་རི་བོའི་ཕུག་ལམ་ལ་རྒྱལ་ཁབ་ཀྱི་སྤུས་ལེགས་ལས་གྲྭའི་བྱ་དགའ་ཐོབ་པར་མ་ཟད། སྤུས་ཚད་ལས་གྲྭའི་རྒྱབ་ཏུ་དཀར་མཛེས་ཁུལ་ནས་ཕྱིར་སྐྱོད་པའི་འགག་སྒོ་ཕྱེས་པས། སླད་ཕྱིན་མུ་མཐུད་དེ་རྒྱ་ཆེར་བསྐྱེད་པས་ཐོན་ལས་སྔར་ལས་མང་བ་འཕེལ་རྒྱས་འགྲོ་བར་རོགས་རམ་བྱས་ཏེ་དམངས་ཕྱུག་དར་རྒྱས་ཀྱི་ལམ་བུ་ཞིག་ཏུ་འགྱུར་ངེས་སོ།།



  • ལེ་ཚན་སྔོན་མ།: ཧྥུང་ཧྥ་ཀུའེ་ཡིས་ཁུལ་ཡོངས་ཀྱི་གཙོ་གནད་ཐོན་ཁུངས་གསར་སྦོལ་དོ་དམ་ལས་དོན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་།
  • ལེ་ཚན་རྗེས་མ།:དཔལ་ཡུལ་རྫོང་གིས་དགུན་དུས་ཀྱི་འགྲིམ་འགྲུལ་ཉེན་མེད་ཡོང་བར་འགན་ལེན་བྱས།
  • དོ་སྣང་ཆེ་བའི་རྩོམ།