དཔལ་ཡུལ་རྫོང་གིས་དགུན་དུས་ཀྱི་འགྲིམ་འགྲུལ་ཉེན་མེད་ཡོང་བར་འགན་ལེན་བྱས།

ཨོ་རྒྱན་གྱིས་བསྒྱུར།        2022-02-28

ཉིན་ཤས་རིང་རང་ཁུལ་གྱི་རྫོང་ཁག་འགའ་ལ་བསྟུད་མར་ཁ་བ་ཆེན་པོ་བབས་ཤིང་། འགྲིམ་འགྲུལ་ལ་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ཡོད་པ་རེད། དཀར་མཛེས་ནས་དཔལ་ཡུལ་ཕྱོགས་ཀྱི་གཞུང་ལམ་དུ་ཁ་བ་བབས་ཚད་ལི་སྨི4-7ལ་ཟིན་ཞིང་གཞུང་ལམ་དུ་གངས་དང་ཆབ་རོམ་ཆགས་པས་བདེ་འཇགས་ལ་ཤུགས་རྐྱེན་ངན་པ་ཐེབས། སྤྱི་ཟླ2པའི་ཚེས21ཉིན་གྱི་ཐོ་རེངས་ཆུ་ཚོད5པའི་ཐོག་ནས་དཔལ་ཡུལ་རྫོང་གཞུང་ལམ་ཡན་ལག་ཅུས་ཀྱིས་ཉེན་སེལ་རུ་ཁག་འཕྲལ་མར་གྲ་སྒྲིག་ནས་གངས་འདེད་འཁོར་དང་གངས་འཕྱག་འཁོར་སོགས་ཀྱིས་ཁ་བ་ཆེ་སའི་གཞུང་ལམ་དུ་གངས་འཁྱགས་འཕྱག་ནས་རླངས་འཁོར་ཤར་གཏོང་ཐུབ་པའི་ལས་དོན་སྤེལ་བ་རེད།

གཞུང་ལམ་ཡན་ལག་ཅུས་དེས་དགུན་དུས་ཀྱི་རླངས་འཁོར་ཤར་བགྲོད་འགན་ལེན་གྱི་འཕྲལ་སྡོམ་སྔོན་ཇུས་འཕྲལ་མར་ལག་བསྟར་བྱས་ནས་ལས་བྱེད་པ་དང་། ལས་བཟོ་བ། དེ་བཞིན་འཕྲུལ་ཆས་ཀྱི་འཕྲལ་སྡོམ་ཉེན་སེལ་མི་སྣ་བཅས་སྒྲིག་འཛུགས་བྱས་ཏེ་འཕྲལ་མར་གངས་གསོག་པ་དང་ཆབ་རོམ་ཆགས་ཡུལ་གྱི་ལམ་གཞུང་ལམ་ཁག་ཏུ་བསྐྱོད་དེ་གངས་དང་ཆབ་རོམ་གཙང་སེལ་བྱས་ནས་རླངས་འཁོར་ཤར་བགྲོད་ཐུབ་པར་འགན་ལེན་བྱས། དེ་དང་ཆབས་ཅིག་དཀར་མཛེས་ནས་དཔལ་ཡུལ་བར་གྱི་གངས་གསོག་སླ་བའི་ལམ་དུམ་དང་། ཆབ་རོམ་ཆགས་སླ་བའི་གཡང་གཟར་གྱི་ལམ་དང་ཉེན་ཁ་ཆེ་བའི་ལམ་དུམ་བུར་གངས་སེལ་འདྲེད་འགོག་གི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་འགྲོ་འོང་གི་རླངས་འཁོར་བདེ་འཇགས་ངང་ཤར་གཏོང་ཐུབ་རྒྱུར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཁ་བ་བསྟུད་མར་བབས་པའི་རྐྱེན་གྱིས་གངས་དང་ཆབ་རོམ་ཆགས་པའི་ལམ་གྱི་རིངཚད་ཁྱོན་སྤྱི་ལེ70ལ་ཟིན་པ་དང་། མྱུར་སྐྱོབ་ལས་དོན་ནང་ཁྱོན་གངས་འདེད་འཁོར་གཅིག་དང་གངས་འཕྱག་འཁོར་གཅིག། ལས་སྒྲུབ་མི་སྣ25བཅས་བཏང་ཡོད་པ་རེད། གཞི་ཁྱོན་ཆེ་བའི་གངས་འཕྱག་བའི་ལས་དོན་ལེགས་གྲུབ་ཟིན་རྗེས་ཅུས་དེས་ད་དུང་གོ་རིམ་ལྡན་པའི་ངང་ཁ་བ་ཞུ་ཐབས་བྱས་ཤིང་འགྲོ་ལམ་ཐོག་རྒྱུན་གཏན་ལྟར་རླངས་འཁོར་ཤར་བགྲོད་ཐུབ་པའི་འགན་ལེན་བྱས་ཡོད།


  • ལེ་ཚན་སྔོན་མ།:དམངས་ཕྱུག་དར་རྒྱས་ཀྱི་མཁའ་ལམ་ཞིག་བར་སྣང་སྤྲིན་རིམ་ནས་བསྲིངས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།