མངའ་རིས་ས་ཁུལ་གྱི་གྲོང་ཚོའི་མཉམ་ལས་ཁང་ཁག་གཅིག་གིས་བགོ་འགྲེམས་མཛད་སྒོ་གཅིག་རྗེས་གཉིས་མཐུད་ངང་འཚོགས་པ།

    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    2022-03-01

མཉམ་སྡེབ་དཔལ་འབྱོར་ཟམ་མི་ཆད་པར་རྒྱ་སྟོབས་ཆེ་རུ་བཏང་ནས་མང་ཚོགས་ཀྱི་རང་བརྟེན་ནུས་པ་དང་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱས་ཏེ་འབྲོག་པ་མང་ཚོགས་ལ་ཡོང་འབབ་བརྟན་པོ་ཡོང་བར་སྔར་བས་སྐུལ་ཁྲིད་བྱ་ཆེད། ཉེ་ཆར། མངའ་རིས་ས་ཁུལ་གྱི་གྲོང་ཚོའི་མཉམ་ལས་ཁང་ཁག་གཅིག་གིས་བགོ་འགྲེམས་མཛད་སྒོ་གཅིག་རྗེས་གཉིས་མཐུད་ངང་འཚོགས་པ་རེད།

སྒར་རྫོང་གཙོ་ཚོ་ཤང་རྒོད་ཚང་སྟོད་གྲོང་ཚོར་འཚོགས་པའི་2021ལོའི་དམངས་ཕྱུག་དམངས་ཕན་དབུལ་སྐྱོར་མཉམ་ལས་ཁང་གི་བགོ་འགྲེམས་མཛད་སྒོར་མཉམ་ལས་ཁང་གི་འབྲེལ་ཡོད་འགན་འཁུར་བས་མཉམ་ལས་ཁང་བཙུགས་ཚུན་གྱི་གཉེར་སྐྱོང་བྱས་ཚུལ་དང་མ་དངུལ་འཁོར་རྒྱུག་བྱས་ཚུལ་བརྡ་ཁྱབ་བཏང་བ་རེད། རྒོད་ཚང་སྟོད་གྲོང་ཚོའི་གྲོང་མིས་སྐྱེལ་འདྲེན་ལས་ལ་གཞོལ་བ་དང་། ཞིང་ཕྱུགས་ཐོན་རྫས་བྲིན་ཚོང་། སྒོ་རྩིས་ཚོང་ཁང་གཉེར་སྐྱོང་སོགས་བྱས་པ་ལས་འབབ་འཕར་བྱུང་ཞིང་། 2021ལོར་མཉམ་ལས་ཁང་ལ་བསྡོམས་ཡོང་འབབ་སྒོར་ཁྲི་141.36བྱུང་བ་དང་། ངལ་ནུས་ཡོང་འབབ་སྒོར་ཁྲི་53བྱུང་བ། དུད་ཚང་168ཀྱི་མི་གྲངས་523ལ་བགོ་འགྲེམས་སྒོར་ཁྲི་62.3བགོས་ཡོད་པ་རེད།

རུ་ཐོག་རྫོང་གི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་གྱི་ཞིང་འབྲོག་པའི་མཉམ་ལས་ཁང་གི་བགོ་འགྲེམས་ཚོགས་ཆེན་འཚོགས་ཡུལ་དུ་དགའ་སྤྲོའི་དགོད་སྒྲས་ཁེངས་ནས་ཧ་ཅང་འཁྲུག་ཆ་དོད་པོ་ཡོད་ཅིང་། 2021ལོར་མཉམ་ལས་ཁང་དེས་མ་རྐང་ནང་ཞུགས་པའི་མང་ཚོགས་303ལ་མི་རེར་བགོ་འགྲེམས་སྒོར་780བརྒྱབ་པ་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དུད་ཚང་ལ་བགོ་འགྲེམས་རྒྱག་ཚད་100%ཟིན་ཡོད། དེ་མིན་ད་དུང་རྫོང་གྲོང་གི་གནས་སྤོས་དབུལ་ལོག་མི་ཐེབས་པའི་ལྟ་ཞིབ་ཚད་ལེན་དུད་ཚང་3དང་བལྟོས་བཅས་དཀའ་ངལ་ཡོད་པའི་དུད་ཚང་2ལ་དུད་ཚང་རེར་འཚམས་འདྲིའི་དངུལ་སྒོར་300རེ་སྤྲད་པ་དང་། བགོ་འགྲེམས་སྒོར་ཁྲི་23.78དངོས་སུ་བརྒྱབ་པ་རེད།

དེ་དང་འདྲ་བར་སྤུ་ཧྲེང་རྫོང་བར་ག་ཤང་གཞུང་པ་གྲོང་ཚོའི་ཚོགས་ཆུང་དང་པོས་མཉམ་སྡེབ་བྱེད་སྒོ་སྤེལ་ཡུལ་དུ་ལོ་མཇུག་གི་བགོ་འགྲེམས་མཛད་སྒོ་འཚོགས་པ་དང་གཞུང་པ་གྲོང་ཚོའི་ཚོགས་ཆུང་དང་པོའི་མཉམ་ལས་ཁང་གི་འགན་འཁུར་བ་དང་། མང་ཚོགས། དེ་བཞིན་བར་ག་ཤང་དུ་བཅའ་སྡོད་གྲོང་སྡོད་ལས་དོན་རུ་ཁག་སོགས་ཁྱོན་མི་300ལྷག་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད། བགོ་འགྲེམས་མཛད་སྒོར་མཉམ་ལས་ཁང་གི་ཁོངས་མི་208ལ་མི་རེར་ལུག་ཤ་རྒྱ་མ་82དང་། ལུག་མར་རྒྱ་མ་4 ཕྱུར་བ་རྒྱ་མ་5བཅས་མི་དམངས་ཤོག་སྒོར་ལ་ཕབ་ན་ཁྱོན་སྒོར་ཁྲི་92.78བགོས་པ་དང་། འབྲོག་པའི་ཨར་ལས་རུ་ཁག་དང་མཉམ་ལས་ཚོང་ཁང་གི་ཚོགས་ཆུང་ཡོངས་ཀྱི་མི་257ལ་མི་རེར་དངུལ་སྨར་སྒོར་300རེ་བགོས་པར་ཁྱོན་སྒོར་ཁྲི་7.71ཟིན་པ། མི་རེར་འབྲི་མར་རྒྱ་མ་0.6རེ་བགོས་པར་མི་དམངས་ཤོག་སྒོར་ལ་ཕབ་ན་ཁྱོན་སྒོར་ཁྲི་15.42ཟིན་ཡོད།

སྒེར་རྩེ་རྫོང་འབྲོག་ཁུལ་སྒྱུར་བཅོས་མཉམ་ལས་ཁང་གིས་འཚོགས་པའི་ལོ་མཇུག་གི་བགོ་འགྲེམས་མཛད་སྒོར་མཉམ་ལས་ཁང་གིས་ཐོན་སྐྱེད་བྱས་པའི་མར་དང་། ཕྱུར་བ། ཞོ། བལ་སོགས་ཀྱི་ཐོན་རྫས་དེ་དག་མཉམ་ལས་ཁང་གིས་སྒེར་རྩེ་རྫོང་དང་དེ་མིན་ས་ཁུལ་གཞན་དག་ལ་གཅིག་གྱུར་ཚོང་གི་ཡོད། ན་ནིང་མཉམ་ལས་ཁང་དེར་ཡོང་འབབ་ཁྱོན་སྒོར་ཁྲི་530བྱུང་ཞིང་། དེའི་ནང་ནས་མར་རྒྱ་མ་9800ལྷག་ཙམ་དང་། ཕྱུར་བ་རྒྱ་མ་8400ལྷག་ཙམ། ལུག་1800ལྷག་ཙམ། འབྲི་གཡག་32བཅས་དང་། དེ་བཞིན་དངུལ་སྨར་སྒོར་ཁྲི་187ལྷག་ཙམ་བྱུང་བ་རྣམས་མ་མིག་ཤང་ཚྭ་ཚོ་གྲོང་ཚོའི་དུད་ཚང་150ཡི་མི་686ལ་བགོས་པ་རེད།

མཚོ་ཆེན་རྫོང་རྐྱང་ཧྲེང་ཤང་ཁྲ་ཚང་གྲོང་ཚོས་དངོས་ཟོག་དང་དངུལ་སྨར་རྣམ་པར་བརྟེན་ནས་བགོ་འགྲེམས་བྱས་ཤིང་། དངོས་ཟོག་མི་རེར་སྒོར་100ཡི་ཚད་གཞི་ལྟར་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་ཁྲི་5.06བགོས་པ་དང་་། དངུལ་སྨར་མི་རེར་སྒོར་50ཡི་ཚད་གཞི་ལྟར་ཁྱོན་སྒོར་ཁྲི་2.53བགོས་པ། ཁྱོན་ཁེ་སྤོགས་སྒོར་ཁྲི་7.59བགོས་པ་རེད། ད་ཐེངས་ཀྱི་བགོ་འགྲེམས་རྒྱག་སྟངས་ཁྲ་ཚང་གྲོང་ཚོའི་ད་ཡོད་ཀྱི་མི་གྲངས་506རྩིས་གཞིར་བྱས་ནས་བགོས་པ་རེད། ཚང་མས་ཞིང་འབྲོག་པའི་འཚོ་བ་ཇེ་ལེགས་སུ་ཕྱིན་པ་མ་ཟད། ང་ཚོའི་དངོས་པོའི་འཚོ་བའི་ཆ་རྐྱེན་ཡང་ལེགས་སུ་མངོན་གསལ་དོད་པོ་ཕྱིན་སོང་། དེ་དག་ཚང་མ་ནི་ཏང་གི་སྲིད་ཇུས་བཟང་པོ་ལས་བྱུང་བ་ཤ་སྟག་རེད་ཅེས་གཅིག་མཇུག་གཉིས་མཐུད་ངང་བརྗོད།


  • ལེ་ཚན་སྔོན་མ།:༢༠༢༢ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་བསྒྲགས་འདུག
  • ལེ་ཚན་རྗེས་མ།:ལྷོ་ཁ་གྲོང་ཁྱེར་གྱིས་འདི་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ཁ་གསལ་བཟོས།
  • དོ་སྣང་ཆེ་བའི་རྩོམ།