ཁྲུང་ཆིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པའི་2021ལོའི་བོད་སྐྱོར་ལས་དོན་ལ་ཕྱིར་མིག་ལྟ་བ།

    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    2022-03-01

2021ལོར་ཆབ་མདོས་སྔོན་དཔག་ལྟར་ན་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་277.8ལེགས་སྒྲུབ་བྱས་ནས་9.2%འཕར་བ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་80%འཕར་བ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་12%འཕར་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སོ་སོར་14.5%དང་15.5%འཕར་བ་ལ་སོགས་བྱུང་ཡོད། འདི་ནི་ཆབ་མདོའི་མི་དམངས་བློ་ཡིད་ཚིམ་པའི་གྲུབ་འབྲས་ཤིག་རེད། གྲུབ་འབྲས་དེ་དག་ཆབ་མདོའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་འབད་བརྩོན་ཧུར་ཐག་བྱས་པ་དང་ཁ་འབྲལ་ཐབས་མེད་ལ། ཁྲུང་ཆིང་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་དང་ཡང་ཁ་འབྲལ་ཐབས་མེད།

ཉ་སྟེར་བ་ལས་འཛིན་སྟངས་སློབ་པ་དགའ།

2021ལོར་ཁྲུང་ཆིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པས་ཚོགས་སྒྲིག་རྣམ་པའི་སློབ་གསོའི་བོད་སྐྱོར་གྱི་ལེགས་ཆ་འདོན་སྤེལ་བྱས་ནས་སློབ་གྲྭའི་དོ་དམ་དང་། སློབ་གསོ་སློབ་ཁྲིད། སློབ་གསོར་ཞིབ་འཇུག་དང་སྒྱུར་བཅོས། དཔེ་སྟོན་སྣེ་ཁྲིད་བཅས་ཀྱི་ཐད་རོགས་སྐྱོར་དང་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ཡོད། ཆབ་མདོ་གྲོང་ཁྱེར་གྱི་མཐོ་རིམ་སློབ་འབྲིང་དང་པོའི་མཐོ་རྒྱུགས་རྒྱུགས་འཕྲོད་ཚད་99.9%ཟིན་པའི་ནང་གཙོ་གནད་དངོས་གཞིའི་ཚན་ཁག་ཏུ་རྒྱུགས་འཕྲོད་ཚད་བརྒྱ་ཆའི་གྲངས་20.5འཕར་ཏེ་སློབ་གྲྭ་བཙུགས་ཚུན་གྱི་གྲུབ་འབྲས་ཡག་ཤོས་བཏོད་ཡོད་པ་རེད།

འདས་ཟིན་པའི་ལོ་གཅིག་རིང་ཁྲུང་ཆིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པས་སློབ་གསོ་སྔོན་ལ་ལག་ལེན་བསྟར་བའི་འདུ་འགོད་ལག་ལེན་བསྟར་བ་དང་དུས་མཚུངས“ཐོན་ལས་རང་བརྟེན་དང་། ལས་ཞུགས་སྔོན་འཇོག སློབ་གསོ་སྔོན་བསྟར། སྨན་བཅོས་དམངས་ཕན། རིག་ནུས་རོགས་སྐྱོར”བཅས་ཀྱི་འདུ་འགོད་ཆེ་གྲས་ལྔ་ལག་ལེན་གཏིང་ཟབ་བསྟར་ནས་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད།

——“དྲ་སྦྲེལ+ཀུང་སི+མཉམ་ལས་ཁང+ཞིང་དུད”བཅས་ཀྱི་རྣམ་པ་འཚོལ་ཞིབ་བྱས་ཏེ་ཁྲུང་ཆིང་ཅུན་ཆིན་ཞིང་ལས་ཀུང་སིས་མཚོན་པའི་ཁེ་ལས་ཀྱིས་ཁ་ཕྱོགས་གཏན་འཁེལ་གྱིས་ནས་ཉོ་སྒྲུབ་བྱས་ཏེ་ཞིང་དུད་5000ལྷག་ཙམ་ལ་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་1000ལྷག་ཙམ་ཡོང་བར་སྐུལ་ཁྲིད་བྱས་ཡོད།

——ལས་ཞུགས་ཞབས་ཞུའི་ལས་སྟེགས་ཧུར་ཐག་བསྐྲུན་ནས་ཁྲུང་ཆིང་དུ་ཁྲུང་ཆིང་དང་ཆབ་མདོའི་སློབ་གྲྭ་ཆེ་མོ་བའི་ལས་ཞུགས་འབྲེལ་གཏུག་ས་ཚིགས་2བཙུགས་པ་དང་འབྲེལ། ཆབ་མདོར་ཤེས་ལྡན་ལས་མི་བསྡུ་བའི་ཆེད་དོན་ཚོགས་འདུ་ཐེངས་མང་འཚོགས་ཏེ་ལོ་ཧྲིལ་པོར་ཐེམ་ཁུངས་ཆབ་མདོ་ནས་ཡིན་པའི་སློབ་གྲྭ་ཆེ་མོ་བ་51ཁྲུང་ཆིང་གི་བྱ་གཞག་ཚན་པར་ལས་ཞུགས་ཐུབ་པ་དང་མི་86ཁེ་ལས་ཁག་ཏུ་ལས་ཞུགས་ཐུབ་ཡོད།

——“ཁྲུང་ཆིང་དང་བོད་ཀྱི་བརྩེ་དུང་ཟབ་པ་དང་བདེ་ཐང་འགག་སྒྲོལ”དང་། “ནད་ཕོག་པའི་ཕྲུ་གུ་སྐྱོབ་བཅོས”སོགས་ཀྱི་སྨན་བཅོས་དམངས་ཕན་བྱ་སྤྱོད་མུ་མཐུད་ལག་ལེན་བསྟར་ནས་རིམ་རྩིས་བྱས་ན་ཐུམ་འབུའི་ནད་དང་། སྐྱ་གྲིབ། ལྷན་སྐྱེས་སྙིང་ནད། རྐང་ལག་སྐྱོན་ཅན་བྱིས་པ་བཅས་ལ་རིན་མེད་ངང་གྲལ་བཤེར་དང་སྨན་བཅོས་ཁྲི་2ཙམ་བྱས་ཡོད། ཀྲུང་གོའི་དམའ་རིམ་འཕྲོད་སྦྱོར་ཐེབས་རྩ་ལྷན་ཚོགས་དང་། པེ་ཅིང་དབན་ཧོ་སྤྱི་ཕན་ཐེབས་རྩ་ལྷན་ཚོགས། དེ་བཞིན་འབྲེལ་ཡོད་ཁེ་ལས་བཅས་དང་མཐུན་སྦྱོར་ཤུགས་ཆེན་བྱས་ཏེ་ཁྱོན་སྒོར་ཁྲི་4200ལྷག་ཙམ་ཟིན་པའི་སྨན་བཅོས་སྒྲིག་ཆས་དང་སྨན་རྫས་ཞལ་འདེབས་བརྒྱབ་པ་རེད།

——རིམ་རྩིས་བྱས་ན་རིགས་ཁག་གི་ལས་བྱེད་པ་དང་ཤེས་ལྡན་པ་མི་ཐེངས་ཁྲི་2.2ལྷག་ཙམ་གསོ་སྦྱོང་བྱས་པ་དང་། དགེ་རྒན་དང་དགེ་ཕྲུག་ཆ་སྒྲིག་བྱས་ཏེ་རིམ་རྩིས་བྱས་ན་ས་གནས་དེ་གའི་སྨན་པ་156དང་དགེ་རྒན་171ལ“རོགས་ཁྲིད”བྱས་ཡོད།

འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་མུ་མཐུད་ཟབ་ཏུ་བཏང་བ།

2021ལོའི་ཟླ་4ཚེས་24ཉིན་གྱི་ཕྱི་དྲོར་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་ཡུལ་སྐོར་རིག་གནས་མཚམས་སྦྱོར་འདུ་ཚོགས(ཁྲུང་ཆིང་ས་ཚིགས)དེ་ཁྲུང་ཆིང་ཀོན་དབྱིན་ཟམ་པ་རྐང་ཐང་ཁྲོམ་གཞུང་དུ་གཟབ་རྒྱས་ངང་འཚོགས་པ་རེད། “སྤྲོ་སྤྲོའི་ཁམས་པ”རྟགས་ཅན་གྱི་མེ་འཁོར་ཁྲུང་ཆིང་དུ་ཐེངས་དང་པོར་བསྟན་པ་དང་ཆབ་མདོའི་ཡུལ་སྐོར་བརྡ་ཆ་ཡང་ཁྲུང་ཆིང་གི་ཡང་བའི་མེ་འཁོར་དུ་ཐེངས་དང་པོར་བསྟན་ནས་ཁྲུང་ཆིང་གི་གྲོང་མི་ཆབ་མདོར་ཡུལ་སྐོར་ལ་སྐྱོད་པར་གདན་དྲངས་ཡོད།

སྔ་ཕྱི་བར་གསུམ་དུ་ཁྲུང་ཆིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་རྐང་དུ་བྱེད་པ་དང་མི་རིགས་མཐུན་སྒྲིལ་གྱི་ཕོ་ཉ་ཡག་པོ་ཞིག་བྱས་ཏེ་འབྲེལ་ཟམ་དང་སྒྲོག་ཐག་གི་ནུས་པ་བཏོན་ནས། ཁྲུང་ཆིང་དང་ཆབ་མདོའི་ས་གནས་གཉིས་ཁྱོན་ཡོངས་དང་། རིམ་པ་མང་བ། ཁྱབ་ཁོངས་ཡངས་པ་བཅས་ཀྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད།

མི་སྣ་འགྲོ་འོང་བྱེད་རྒྱ་ཆེ་རུ་གཏོང་བའི་ཐད་ཁྲུང་ཆིང་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་ཆུས་དང་རྫོང་གི་ཏང་སྲིད་འཐུས་མི་ཚོགས་པ་དང་ལས་དོན་ཚོགས་ཆུང་60ལྷག་ཙམ་ཆབ་མདོར་བོད་སྐྱོར་ལས་དོན་འབྲེལ་མཐུད་བྱེད་པར་བཏང་བ་དང་། ཆབ་མདོ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པས་སྔ་རྗེས་སུ་ཁྲུང་ཆིང་ལ་བསྐྱོད་ནས་སྤེལ་རེས་བཅར་འདྲི་ཐེངས་20ལྷག་ཙམ་བྱས་པ། ལས་རིགས་ཁོངས་གཏོགས་ཁག་གིས་མི་ཐེངས་3800འགྲོ་འོང་སྤེལ་རེས་བྱས་ཡོད།

གཞན་ཡང་ཁྲུང་ཆིང་དང་ཆབ་མདོའི་ས་གནས་གཉིས་ཀྱིས་དཔལ་འབྱོར་ཉོ་ཚོང་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་ཡོད། 2021ལོ་ནས་བཟུང་ཁྲུང་ཆིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པས་ས་གནས་གཉིས་ཀྱི་ཁེ་ལས་སྒྲིག་འཛུགས་བྱས་ཏེ་ནུབ་རྒྱུད་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་དང་། ཞིང་ལས་ཚོང་འདུས། ཇ་རྟའི་སྒྱུ་རྩལ་དུས་ཆེན་སོགས་དཔལ་འབྱོར་ཚོང་དོན་གྱི་འགྲེམས་ཚོགས་ལ་ཞུགས་པ་དང་། ཁྲུང་ཆིང་དཔལ་འབྱོར་གསར་སྤེལ་ཁུལ་སོགས་གླིང་3དང“ས་སྒྲོལ་དཔལ་འབྱོར”གྱི་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་ནས་སྨར་ཁམས་ཐོན་ལས་གླིང་དང་རི་བོ་ཆེའི་ཐོན་ལས་གླིང་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བ་མ་ཟད། བོད་གློག་ཏུའུ་དུང་ཕྱུར་33.8ཁྲུང་ཆིང་དུ་གཏོང་བར་མཐུན་སྦྱོར་དང་དོན་འཁྱོལ་བྱས་ཡོད།

མཐུན་སྒྲིལ་དང་ལེགས་སྐྱེས་འབུལ་མཁན་བོད་སྐྱོར་གྱི་དམག་དཔུང་ཧྲག་པོ་བཏོད་པ།

ན་ནིང་ཁྲུང་ཆིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པར“བོད་རང་སྐྱོང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྔོན་ཐོན་མཉམ་སྡེབ”ཀྱི་མཚན་སྙན་ཐོབ་པ་དང་། ཁྲུང་ཆིང་གི་བོད་སྐྱོར་སྨན་པ་དང་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཡོན་ཀྲང་ཅང་ཡིང་ཅིའུ་ལ“བོད་རང་སྐྱོང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྔོན་ཐོན་མི་སྒེར”གྱི་མཚན་སྙན་ཐོབ་པ་རེད། ཁྲུང་ཆིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པ་ཆབ་མདོར་སླེབས་པ་ནས་བཟུང་། རུ་ཁག་ཡོངས་ཀྱི་མི་ཐེངས་5ལ་སྔ་རྗེས་སུ་བྱས་རྗེས་རིམ་པ་གསུམ་པ་དང་མི་3ལ་རང་སྐྱོང་ལྗོངས་ཀྱི་གཟེངས་བསྟོད་ཐོབ་པ་རེད།

བོད་སྐྱོར་ལས་དོན་སྤེལ་ཚུན། ཁྲུང་ཆིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པས་དཔུང་ཁག་སྟོབས་ཆེར་གཏོང་བ་དང་གཟུགས་བརྙན་གཏོད་པ་བོད་སྐྱོར་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་འགན་ལེན་ཞིག་ཏུ་བརྩིས་ནས། “བློ་དཀར་མཐུན་སྒྲིལ་དང་། ལེགས་སྐྱེས་འབུལ་བ། སྤྱོད་གཙང་ནུས་ལྡན”བཅས་ཀྱི་བོད་སྐྱོར་གྱི་དམག་དཔུང་ཧྲག་པོ་ཞིག་མཐའ་འཁྱོངས་བཏོད་དེ“གངས་ལྗོངས་ས་མཐོར་བྱས་རྗེས་འཇོག གནོང་འགྱོད་མེད་པའི་མི་ཚེ་རྩོམ”པའི་བསམ་བློའི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་བཏང་ཡོད།


  • ལེ་ཚན་སྔོན་མ།:ལྷོ་ཁ་གྲོང་ཁྱེར་གྱིས་འདི་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ཁ་གསལ་བཟོས།
  • ལེ་ཚན་རྗེས་མ།:ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་པ།
  • དོ་སྣང་ཆེ་བའི་རྩོམ།