ཡེ་ཤེས་ཀྱིས་བསྒྱུར། 2022-03-04
རྒྱལ་ཡོངས་ཀྱི་ལོ་བརྒྱ་གཉིས་ཀྱི་སྲིད་ཁྲིམས་དཔའ་བོའི་དཔེ་བཟང་ བློ་བཟང་ཟླ་བའི་སྐོར་བཀོད་པ།
བློ་བཟང་ཟླ་བ་ནི་དཀར་མཛེས་ཁུལ་སྡེ་དགེ་རྫོང་གི་མི་ཡིན་ལ་རང་ལོ40ལ་སོན་ཡོད། ཀྲུང་གུང་ཏང་མི་དང་རིམ་པ་དང་པོའི་ཉེན་རྟོག་པའི་མགོ་འཛིན་ཡིན། 2007ལོའི་ཟླ་བ12པར་སྤྱི་བདེ་ལས་ཀར་ཞུགས། ད་ལྟ་དཀར་མཛེས་རྫོང་སྤྱི་བདེ་ཅུས་ལྷོ་པ་ཡུལ་ཤོག་མངགས་གཏོང་ཁང་གི་རིམ་པ་དང་པོའི་ཉེན་རྟོག་པའི་མགོ་འཛིན་གྱི་འགན་འཁུར་བཞིན་ཡོད། སྔ་རྗེས་སུ་མི་སྒེར་གྱི་བྱས་རྗེས་རིམ་པ་དང་པོ་ཐེངས་གཅིག་དང་། མི་སྒེར་གྱི་བྱས་རྗེས་རིམ་པ3པ་ཐེངས་གཅིག། “རྒྱལ་ཡོངས་སྤྱི་བདེའི་ཁོངས་གཏོགས་ཀྱི་རིམ་པ་གཉིས་པའི་དཔའ་བོ་དཔེ་བཟང་ཅན། ཀུན་སྤྱོད་བཟང་ཤོས་ཀྱི་སྡེ་དགེའི་མི” སོགས་ཀྱི་གཟི་བརྗིད་མཚན་སྙན་རབ་དང་རིམ་པ་ཐོབ།
ཉེན་རྟོག་ཀྱི་ལས་ཀར་ཞུགས་ནས་ལོ14སོང་བའི་བློ་བཟང་ཟླ་བས་ཐོག་མཐའ་བར་གསུམ་དུ“མི་དམངས་སྤྱི་བདེ་ཡིས་མི་དམངས་ལ་ཞབས་འདེགས་ཞུ་བའི”ཐོག་མའི་བསམ་འདུན་བརྟན་སྲུང་བྱས་ཤིང་། དུས་ཡུན་རིང་པོའི་ནང་རྒྱང་རིང་ལུང་ཁུག་གི་ས་ཆར་རྐང་ཚུགས་པ་དང་། ལུས་ལ་ནད་རིགས14ཕོག་རུང་བློ་གཅིག་སེམས་གཅིག་གིས་ཞིང་འབྲོག་མང་ཚོགས་ལ་ཞབས་ཞུ་བྱས། ཁོང་ནི་ཡིག་འབྲུ་བཅུ་དྲུག་གི་སྤྱིའི་བླང་བྱ་ལག་ལེན་བྱེད་མཁན་གྱི་དུས་རབས་གསར་པའི་སི་ཁྲོན་སྤྱི་བདེ་རུ་ཁག་ལས་ཐོན་པའི་ཕུལ་བྱུང་འཐུས་མི་རེད།
རྒྱང་རིང་མཐོ་སྒང་བརྟན་སྲུང་བྱེད་མཁན་ཏེ།
ཁོང་ནི་འབྲོག་པའི་སེམས་ནང་གི“ཉེན་རྟོག་པ”བཟང་པོ་ཞིག།
སྡེ་དགེ་རྫོང་ནི་ངག་རྒྱུན་དུ་གེ་སར་རྒྱལ་པོའི་ཕ་ཡུལ་ཡིན་ལ་བློ་བཟང་ཟླ་བའི་ཕ་ཡུལ་ཡང་རེད། ཁོང་ཆུང་དུས་འབྲོག་པའི་ཕྱུགས་རྫི་ཡིན་དུས་ནས་བཟུང་ཉེན་རྟོག་པ་བྱ་རྒྱུའི་སེམས་ཐག་བཅད་དེ་གླིང་སྒྲུང་ནང་གི་གེ་སར་རྒྱལ་པོ་ལྟར་མི་སེར་ལ་སྲུང་སྐྱོང་དང་སྡིག་གཅོད་དགེ་སྒྲུབ་བྱ་རྒྱུའི་དམ་བཅའ་བཞག་ཡོད། 2007ལོར་ཁོང་ཉེན་རྟོག་པར་རྒྱུགས་འཕྲོད་ནས་རིམ་པ་བཞིན་གཟི་བརྗིད་ལྡན་པའི་མི་དམངས་ཉེན་རྟོག་པ་ཞིག་ཏུ་གྱུར།
2007ལོའི་ཟླ་བ12པར། ཁོང་དཀར་མཛེས་རྫོང་ཁོངས་ཀྱི་ས་བབ་མཐོ་ཤོས་དང་དྲོད་ཚད་དམའ་ཤོས། ཆ་རྐྱེན་ཞན་ཤོས་བཅས་ཀྱི་ཟླ་ཐང་མ་མངགས་གཏོང་ཁང་དུ་ལས་བགོས་བྱས། ཟླ་ཐང་མ་སྡེ་ཁུལ་གྱི་མཚོ་འཕགས་ཆ་སྙོམས་སྨི4200ཡན་ལ་ཟིན་པ་དང་ཁོངས་སུ་ཡུལ་ཤོག4ཡོད། ཁོང་གིས་ཉིན་ལྟར་སྐོར་ཞིབ་དང་གྱོད་དོན་བསྒྲུབས་པ་དང་མཚན་མོར་ལས་རེས་བྱ་དགོས། ཞོར་ནས་སློབ་སྦྱོང་ལ་འབད་བརྩོན་ལྷོད་མེད་བྱས་པར་བརྒྱུད་མ་འགྱང་བར་མངགས་གཏོང་ཁང་གི་ལས་སྒོའི་རྐང་འཛིན་པར་གྱུར།
2009ལོའི་ཟླ་བ4པར། ཟླ་སྟོད་མངགས་གཏོང་ཁང་དུ་ལས་གནས་སྤོས་ནས་མངགས་གཏོང་ཁང་གི་མགོ་འཛིན་གྱི་འགན་ཁུར། ཟླ་སྟོད་ཡུལ་ཤོག་དེ་དཀར་མཛེས་དང་མཚོ་སྔོན་ཞིང་ཆེན་གྱི་འབྲེལ་མཚམས་སུ་གནས་ཡོད་ལ་མཚོ་འཕགས་ཆ་སྙོམས་སྨི4080ལ་ཟིན་གྱི་ཡོད། དེ་ནི་དཀར་མཛེས་རྫོང་ཁོངས་ཀྱི་ཆེས་རྒྱང་རིང་ལུང་ཁུག་གི་ཡུལ་ཤོག་དང་གྲོང་རྡལ་ཞིག་ཡིན་པས་བདེ་འཇགས་ཀྱི་གནས་ཚུལ་ཛ་དྲག་ཆེ། མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་གསུམ་གྱིས་སྤྱི་ལེ་གྲུ་བཞི་མ1666དོ་དམ་བྱ་དགོས། རྒྱུན་གཏན་གྱི་གནས་ཚུལ་འོག་སྐོར་ཞིབ་ཐེངས་གཅིག་བྱེད་ན་ཉིན15འགོར་འགྲོ། ཁོང་གིས་དུས་རྒྱུན་དུ་རྟ་ཐོག་ནས་རྩམ་པ་དང་མགྱོགས་ཐུག་སྒམ་ཁ་ཤས་བཀལ་ནས་རི་གྲོང་དུ་བསྐྱོད། མཚན་མོར་འབྲོག་པའི་ཁྱིམ་དུ་གནས་ཚང་གཡར། དེ་ནས་ཁྱིམ་དུད་རེ་རེ་དང་འབྲོག་པ་ཡོད་ཚད་ལ་སྙིང་གཏམ་ཤོད་རེས་བྱས་ཤིང་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་བསྒྲགས་ལེགས་པོར་བྱས། རྟ་ནོར་རྐུ་མཁན་ལ་རྡུང་རྡེག་ཚ་ནན་གཏོང་བ་དང་དམངས་ལ་ཞབས་འདེགས་ཞུ་བས་འབྲོག་པ་མང་ཚོགས་ཀྱི་ཁས་ལེན་ཐོབ།
ཁོང་རྫོང་མཁར་དུ་ལས་དོན་སྒྲུབ་ཏུ་སྐྱོད་སྐབས་ཞིང་འབྲོག་མང་ཚོགས་ཀྱིས་དངུལ་བྱང་ཁོང་ལ་སྤྲད་ནས་དངུལ་བླངས་ནས་འཁྱེར་ཡོང་རོགས་ཞུ། སྐབས་རེ་ཁོང་གིས་དངུལ་བྱང་བཅུ་ལྷག་འཁྱེར་ནས་རྫོང་མཁར་དུ་བསྐྱོད་ཀྱི་ཡོད། ཁོང་ནི་ཟླ་སྟོད་ཡུལ་ཤོག་གི་མི་སེར་ཚོའི་སེམས་ནང་གི་ཉེན་རྟོག་པ་བཟང་པོ་དེ་རེད།
ལུས་ལ་ནད་ཕོག་རུང་ལས་དོན་མི་བསྐྱུར་བ་སྟེ།
ཁོང་ནི་གྲོགས་པོ་ཚོའི་སེམས་ནང་གི་ལས་སྒྲུབ་དཔའ་བོ་ཞིག།
2009ལོའི་ཟླ་བ་དང་པོར། ཁོང་གིས་རང་གི་ལུས་ཐམས་མི་བདེ་བ་ཤེས་ཀྱང་རྟག་ཏུ་ལས་ཀ་བྱེད་ཀྱི་ཡོད། ཉིན་ཞིག་ལ་ཁོང་གི་ལས་གྲོགས་མི་དམངས་ཉེན་རྟོག་པ་ཉི་མ་འཕྲིན་ལས་མགོ་ཡོམ་འཁོར་ནས་མྱུར་སྐྱོབ་བྱ་དགོས་བྱུང་། ཁོང་གིས་དུས་ཚོད་དམ་འཛིན་བྱས་ནས་ཉི་མ་འཕྲིན་ལས་རྫོང་སྨན་ཁང་དུ་བསྐྱལ་ནས་མྱུར་སྐྱོབ་བྱས་པས་ཚེ་སྲོག་གི་ཉེན་ཁ་མེད་པར་གྱུར། སྔ་ཉིན་དགོང་མོར་ནོར་གནག་བརྐུས་པའི་གྱོད་གཞི་ཞིག་ཐག་གཅོད་བྱས་ནས་ཉལ་རྒྱུ་མ་ལོན་པར་མ་ཟད་མཚན་གང་པོར་རླངས་འཁོར་བསྐོར་ནས་ལས་གྲོགས་མྱུར་སྐྱོབ་བྱེད་དུ་རྫོང་མཁར་དུ་ཡོང་ཡོད། ཞོགས་པ་ཆུ་ཚོད5པའི་སྐབས་རྫོང་མཁར་གྱི་མགྲོན་ཁང་ཆུང་ཆུང་ཞིག་ཏུ་ངལ་གསོ་བྱས་ནས་གཟུགས་པོ་བཀྲུ་རྒྱུའི་གྲ་སྒྲིག་བྱེད་སྐབས་གློ་བུར་དུ་མགོ་ཡོམ་འཁོར་ནས་དྲན་མེད་དུ་བརྒྱལ། ཡར་སད་དུས་ཞོགས་པའི་ཆུ་ཚོད8པར་རེད་འདུག། འོན་ཀྱང་མངགས་གཏོང་ཁང་ལ་ད་དུང་གྱོད་གཞི་འཕྲལ་མར་ཐག་གཅོད་བྱ་དགོས་པའི་བསམ་བློ་འཁོར་ནས་རྒུན་འབྲུམ་མངར་ཁུའི་སྨན་ཤེལ་དམ་ཁ་ཤས་ཉོས་རྗེས་བཟོད་བསྲན་བྱས་ཏེ་རླངས་འཁོར་བཏང་ནས་མངགས་གཏོང་ཁང་དུ་མུ་མཐུད་ནས་ལས་དོན་སྒྲུབ་སར་སོང་།
2010ལོའི་ཟླ་བ2པར། ཁོང་གི་སྒལ་པ་རྒྱུན་དུ་ན་ནས་བཟོད་དཀའ་བས་སྨན་ཁང་ཆེ་གྲས་སུ་བརྟག་དཔྱད་བྱེད་པར་འགྲོ་དགོས་བསམས་ཀྱང་། དབྱར་རྩྭ་དགུན་འབུ་རྐོ་རན་པས་ཡང་གཟུགས་པོར་བརྟག་དཔྱད་ཀྱི་འཆར་གཞི་དེ་མ་འགྲུབ་སོང་། ཟླ་བ6པར་ཁོང་ཡང་མགོ་ཡོམ་འཁོར་ནས་གཟུགས་པོ་བརྟག་དཔྱད་མི་བྱ་ཐབས་མེད་བྱུང་། དེ་ནས་བརྟག་དཔྱད་བྱས་པར་བརྒྱུད་མཁྲིས་སྣོད་བཅད་པར་མ་ཟད། མཆིན་པ་སྲ་འགྱུར་དང་། གཅིན་པ་མངར་འགྱུར་གྱི་ནད། མཁྲིས་སྦུག་ཤ་འཛེར། ཕོ་ཁ་བཅས་ལ་ནད་གཞི་མང་པོ་ཕོག་ཚར་བ་ཤེས་པ་རེད།
2010ལོའི་ཟླ་བ11པར། ཁོང་ཁྲེང་ཏུའུ་རུ་སྨན་བཅོས་བྱེད་དུ་སོང་། དེ་ནས་ནད་གཞི་ཇེ་བཟང་དུ་སོང་རྗེས་ཁོ་བོ་སྡོད་མ་ཚུགས་པར་ཉིན་ལྟར་ཕྱི་རོལ་དུ་སྦྱོང་བརྡར་བྱེད་པར་འགྲོ་བར་ཁ་གཡར་ནས་སྲང་ལམ་གྱི་མི་དམངས་ཉེན་རྟོག་པའི་ལས་ཀ་བྱེད་བཞིན་པར་ལྟ་བཞིན་ཁོ་ཡང་ལས་རྐང་དུ་ཕྱིར་ལོག་པར་ཐག་བཅད།
2014ལོའི་ཟླ་བ་དང་པོར། ཁོང་དཀར་མཛེས་རྫོང་ལྷོ་པ་ཡུལ་ཤོག་མངགས་གཏོང་ཁང་གི་སློབ་སྟོན་པའི་འགན་ཁུར་ནས་མངགས་གཏོང་ཁང་གི་ལས་དོན་གཙོ་སྐྱོང་བྱས་པ་དང་རིམ་པ་གཉིས་པའི་ས་ཚུགས་ཀྱི་དོ་དམ་བྱེད་འགན་ཁུར། ཁོང་གི་མགོ་ཁྲིད་འོག་ཁོངས་གཏོགས་ཁུལ་དུ་ཉེས་དོན་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་བདེ་འཇགས་སྲིད་འཛིན་དོ་དམ་སོགས་ལས་དོན་ཁག་གི་གྲུབ་འབྲས་ཚང་མ་རྫོང་ཡོངས་ཀྱི་མདུན་གྲལ་དུ་སླེབས། ལྷོ་པ་མངགས་གཏོང་ཁང་ལ་ད་དུང་རྫོང་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི2014ལོའི་ལོ་འཁོར་གྱི་དམིགས་ཚད་དཔྱད་ཞིབ་ཀྱི་བྱ་དགའ་ཨང་དང་པོ་ཐོབ་པ་རེད།
དྲིན་ཆེན་དྲིན་དུ་ཤེས་པའི་གོ་རྟོགས་ཅན་ཏེ།
ཁོང་ནི་ཉེན་རྟོག་པའི་ལས་རིགས་ལ་དགའ་བའི་ཕོ་རྒོད་ཅིག།
2014ལོར་ལས་ཁུངས་ཀྱིས་སྒྲིག་འཛུགས་བྱས་པའི་འོག་ཏུ་ལུས་པོར་བརྟག་དཔྱད་བྱེད་སྐབས་ཁོང་ལ་ནད་གཞི་ཆེ་ཆུང་སྣ་ཁ14ཕོག་ཡོད་པ་ཤེས་རྟོགས་བྱུང་། ནད་གཞི་མང་པོ་དེ་འདྲ་ཕོག་
ཡོད་པས་དུས་ཡུན་རིང་པོར་ངལ་གསོ་ཞུ་ཆོག་པའི་ནད་དགོངས་ཀྱི་གཏན་འབེབས་དང་མཐུན་མོད། འོན་ཀྱང་ཁོང་གིས་ཉིན་གཅིག་གསོན་ཡོད་དུས་དགའ་ཞེན་ཆེ་བའི་ལས་གནས་ཐོག་ཉིན་གཅིག་བསྡད་དགོས་ཞེས་བཤད་པ་རེད།
ཁོང་གིས“མི་ཚེ་འདིར་ཆེས་སེམས་ཕམ་ཆེ་ཤོས་ནི་བུ་ཕྲུག་རེད་འདུག། ངས་ཁོ་ཚོར་ཡག་པོ་བཟོ་ཐུབ་མེད”ཅེས་བུ་ཕྲུག་སྐོར་གླེང་སྐབས་ཁམས་པའི་ཕོ་རྒོད་ཡིན་ཡང་སེམས་ནང་འགྱོད་པ་ཆེན་པོ་སྐྱེ་ཡི་འདུག། ཁོང་གིས་རི་མགོར་སྐོར་ཞིབ་བྱེད་སྐབས་སྤྱི་ལེ་ཁ་ཤས་བརྒལ་ནས་བརྡ་རྟགས་ཡོད་ས་ནས་བུ་ཕྲུག་ལ་ཁ་པར་རྒྱག་གི་ཡོད་ཅེས་བཤད། འོན་ཀྱང་ད་ལྟ་ཁོང་དགའ་འོས་པ་ཞིག་ནི་ཁུལ་སྤྱི་བདེ་ཅུས་དང་རོང་བྲག་རྫོང་སྤྱི་བདེ་ཅུས་ཀྱི་ཐུགས་ཁུར་དང་རོགས་རམ་འོག་ད་ལོ་ལོ16ལ་སོན་པའི་བུ་འཇམ་དབྱངས་བསོད་ནམས་ཀྱི་སྦྱངས་འབྲས་ཀྱང་ཉིན་རེ་ལས་ཉིན་རེ་ཡག་ཏུ་ཕྱིན་ཡོད། སྔོན་ལ་རང་གིས་རང་ལ་ཡིད་ཆེས་མེད་པའི་བྱིས་པ་དེ་ད་ལྟ་ཡིད་ཆེས་དང་བསམ་ཤེས་བྱེད་མཁན་ཞིག་ཏུ་གྱུར་འདུག། 2021ལོའི་ཟླ་བ9པར་འཇམ་དབྱངས་བསོད་ནམས་ཀྱིས་ཀྱང་ཕུལ་བྱུང་གི་སྦྱངས་འབྲས་ཐོབ་ནས་དར་མདོ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་དུ་རྒྱུགས་འཕྲོད་དེ་རིག་ཚན་མཐོ་རིམ་སློབ་འབྲིང་གི་གཙོ་གནད་འཛིན་གྲྭ་ནང་ཚུད་པ་དང་། བུ་ཡི་ཕུགས་འདུན་ཡང་ནར་སོན་རྗེས་དམིགས་བསལ་ཉེན་རྟོག་པ་ཞིག་བྱ་རྒྱུ་དེ་རེད་ཅེས་བཤད།
ཁོང་ལ་ནད་ཕོག་རྗེས་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་སྒོར་ཁྲི་བཅུ་ལྷག་ཙམ་སྦྱིན་པར་མ་ཟད། ཁ་གསབ་རོགས་དངུལ་ཡང་རག་ཡོད། འོན་ཀྱང་དངུལ་དེ་དག་ནད་གཞི་ལྕི་པོ་ཕོག་དུས་སྔར་བཞིན་ཧ་ཅང་ཉུང་ཉུང་རེད། སི་ཁྲོན་ཀྲུང་ལུགས་གསོ་རིག་མཆིན་ནད་སྨན་ཁང་གི་མགོ་ཁྲིད་ཀྱིས་འཕྲིན་སྦྱོར་ཚན་པས་གནས་ཚུལ་སྤེལ་བར་གཞིགས་ནས། བློ་བཟང་ཟླ་བ་གཞི་རིམ་དུ་རྐང་ཚུགས་པ་དང་ནད་ཕོག་ཀྱང་ལས་གནས་བརྟན་སྲུང་བྱེད་པའི་མི་སེམས་འགུལ་བའི་གཏམ་རྒྱུད་ཤེས་རྟོགས་བྱུང་རྗེས་མྱུར་དུ་ཞིང་ཆེན་སྤྱི་བདེ་ཐིང་བརྒྱུད་ནས་ཁོང་དང་འབྲེལ་བ་བྱས་ཏེ་ཁོང་ལ་རིན་མེད་སྨན་བཅོས་བྱ་རྒྱུའི་གཏན་ཁེལ་བྱས་པ་རེད།
ཁོང་གིས“ལས་དབང་གིས་ང་ལ་སྤྲད་པའི་ཉེན་རྟོག་པའི་གྱོན་ཆས་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ལས་དབང་གིས་ང་ལ་དཀའ་ལས་བཟོས་པར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གལ་སྲིད་ནད་གཞི་ཆུང་ཆུང་དེ་དག་མེད་ཚེ་ངས་དྲིན་བསྐྱངས་པའི་བསམ་པ་བཅངས་ནས་འཚོ་བ་དང་ལས་ཀར་ཁ་ཕྱོགས་གཏད་དགོས་པ་མི་ཤེས། ཏང་རྩ་འཛུགས་དང་། ཉེན་རྟོག་པའི་རུ་ཁག། སྨན་པ་དང་སྨན་ཞབས་པ་བཅས་ལ་བཀའ་དྲིན་ཆེ་ཞུས། ང་ལ་བསམ་འདུན་གཅིག་ལས་མེད་དེ “ཉེན་རྟོག་པའི་གྱོན་ཆས་སྔོན་པོ་དེ་ལུས་དང་མི་འབྲལ་བ་དེ་ཡིན་ཞིས་སྙིང་གཏམ་བཤད་ཀྱིན་ཡོད།
ད་ལྟ་རྩ་འཛུགས་དང་གཅེས་སེམས་སྨན་ཁང་གི་ཐུགས་ཁུར་འོག་བློ་བཟང་ཟླ་བའི་ནད་གཞི་ཚོད་འཛིན་བརྟན་པོ་ཐུབ་པར་མ་ཟད། ཁུལ་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱི་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་འདུ་དང་། ཁུལ་ཡོངས་ཀྱི་སྤྱི་བདེ་དཔུང་ཁག་གི་དཔའ་བོ་དཔེ་བཟང་བའི་བྱས་རྗེས་སྙན་ཞུ་ཚོགས་འདུ། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་དམག་འཐབ་གསོ་སྦྱོང་རྟེན་གཞི་བཅས་ནས་ཁོ་ལ་གཟེངས་བསྟོད་ཐོབ་ཡོད་ཅིང་། ཁོས་གལ་སྲིད་ནད་དྲག་སྐྱེད་བྱུང་ཚེ་རང་ཉིད་ཀྱིས་དགའ་ཤོས་ཡིན་པའི་ཉེན་རྟོག་པའི་གྱོན་ཆས་མུ་མཐུད་དེ་གྱོན་ནས་གནས་མཆོག་དཀར་མཛེས་མི་དམངས་ཀྱི་ཆེད་དུ་མུ་མཐུད་དུ་འབད་འཐབ་བྱ་རྒྱུ་ཡིན་ཞེས་བཤད་དོ།།
རྩོམ་སྒྲིག་པ། མགར་རྒྱལ་སྲས།
རྩོམ་གསར། 10