བོད་ཀྱི་ཕོ་གསར་ཆུང་ཆུང་།

        2020-12-04

བོད་ཀྱི་ཕོ་གསར་ཆུང་ཆུང་།

རྒྱལ་སྤྱིའི་སྟེང་དུ་མཚན་སྙན་གྲགས་རྒྱས་བཞིན་པའི་ཁམས་ཀྱི་ཕོ་གསར་ཆུང་ཆུང་བསྟན་འཛིན་གྱི་གནས་ཚུལ་ཆེད་བཀོད།

     རྒྱལ་མཆོག་ཚངས་དབྱངས་རྒྱ་མཚོའི་བྱ་དེ་ཁྲུང་ཁྲུང་དཀར་མོ།། གཤོག་རྩལ་ང་ལ་གཡོར་དང་།།ཐག་རིང་རྒྱང་ལ་མི་འགྲོ།། ལི་ཐང་བསྐོར་ནས་སླེབ་ཡོང་།། ཞེས་པའི་མགུར་གླུ་དེའི་ཐུགས་རྗེ་འོད་ཟེར་དཀར་པོའི་བྱིན་རླབས་ཀྱིས་བོད་ཤར་ཕྱོགས་མཐའ་ལ་ཆགས་པའི་ཁམས་ལི་ཐང་ཞེས་པའི་ས་ཆ་གྲགས་པ་ཆེས་ཆེར་རྒྱས་ཤིང་།དེར་མཐུད་ནས་མཁས་གྲུབ་གཉིས་ལྡན་གྱི་གངས་རིའི་སྐྱེས་ཆེན་གནམ་གྱིས་ས་བཀབ་པ་ལྟ་བུ་གང་མང་འཁྲུངས་པས་ལི་ཐང་ཞེས་པའི་ཡུལ་ཁམས་འདི་རི་གངས་ཅན་ཡུལ་གྱི་དབུ་ནག་བོད་པ་ཡོངས་ལ་དེ་ལས་ཀྱང་ཆ་ཡོད་རྒྱུས་ཡོད་དུ་བཏང་།ད་ཐེངས་བསོད་ནམས་དང་ལམ་འགྲོ་དུས་མཉམ་དུ་སྨིན་པའི་ལི་ཐང་ཡུལ་གྱི་གདོང་གི་ཤ་མདངས་ཅུང་སྨུག་ལ་བབ་ཆགས་ཡིད་འོང་གི་འཛུམ་མདངས་དང་ལྡན་པའི་གསར་ཡག་བསྟན་འཛིན་ཞེས་པ་འདི་དྲྭ་སྒང་ནས་འཛམ་གླིང་གི་དྲྭ་དམངས་དུང་ཕྱུར་བཅུ་ཕྲག་ལྷག་གིས་དོ་ཁུར་གནང་སའི་ཡུལ་ཁྱད་པར་ཅན་དུ་གྱུར་པ་ནི་ཁོ་སྒེར་ཙམ་གྲགས་པ་མ་ཡིན་པར་ཕ་ཡུལ་གྱི་ཡུལ་སྐོར་ལས་རིགས་དང་འབྲེལ་བའི་མང་ཚོགས་ཀྱི་འཚོ་བ་དང་།རི་མཐོ་ས་གཙང་གི་ཞིང་མཆོག་ཕ་ཡུལ་མཐོ་སྒང་གི་ཉམས་དགའ་བའི་ཁོར་ཡུག་དང་། སེམས་ཁམས་ཀྱི་བདེ་སྐྱིད་མཚོན་པའི་མཛུམ་མདངས་དེ་དག་འཛམ་གླིང་གི་སྐྱེ་འགྲོ་མང་པོར་ངོ་སྤྲོད་བྱས་པ་ཞིག་ཡིན་པས།བསྟན་འཛིན་དྲྭ་གྲགས་ཆགས་པ་ནི་ཕ་ཡུལ་གྲགས་སོང་བ་ཡིན་ལ། ཕ་ཡུལ་དང་འབྲེལ་བའི་གདོང་དམར་བོད་པ་ཚང་གི་མི་གཞི་གཙང་མ་དག་གྲགས་སོང་བ་ཡིན་པ་རེད།

བོད་ཀྱི་ཕོ་གསར་ཆུང་ཆུང་།

     ད་ལོའི་སྤྱི་ཟླ11པའི་ཟླ་སྟོད་ནས་ཁ་ལས་རླུང་རྟའི་དགེ་མཚན་དགུང་དུ་དར་བའི་ཁམས་ཀྱི་ཕོ་གསར་ཆུང་ཆུང་ཞིག་དུས་རབས་ཀྱི་དྲ་བའི་དགེ་མཚན་དང་འགྲོགས་ནས་མཚན་སྙན་བ་དན་དཀར་པོ་རྒྱལ་ཡོངས་འཛིན་མའི་སྒང་དུ་འཕྱར་བཞིན་མི་གྲངས་དུང་ཕྱུར་མང་པོའི་སེམས་ཀྱི་དང་བ་དྲངས་ཤིང་དགའ་དུང་ཡིད་ཀྱི་སྨོན་པ་བུ་ཆུང་འདི་ལ་ཕྱོགས་ཤིང་དོ་ཁུར་བྱེད་སའི་ཡུལ་དུ་གྱུར་པར་མ་ཟད།དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དང་ཁྱད་པར་ཁམས་ལི་ཐང་རྫོང་གི་ཡུལ་སྐོར་རིག་གནས་ཀྱི་ཆེས་བཟང་བའི་གཟུགས་བརྙན་མགྲིན་ཚབ་པར་གྱུར།ཁམས་ཀྱི་ཕོ་གསར་ཆུང་ཆུང་དེའི་མིང་ལ་བསྟན་འཛིན་ཞེས་འབོད་ལ། ཁོ་ནི་ཁམས་ལི་ཐང་རྫོང་དུ་ཡོད་པའི་བོད་ཀྱི་རི་བོ་གྲགས་ཅན་དགེ་བསྙེན་གནས་རི་ཞེས་དེང་དུས་ཡུལ་སྐོར་བ་ཁྲི་སྟོང་མང་པོས་འགྲོ་འདོད་ཀྱི་འགྲམ་ཆུ་ལྡང་སའི་གནས་ཆེན་དེའི་འདབས་རོལ་གྱི་འབྲོག་སྡེ་ཞིག་ནས་མི་ཡུལ་འདིར་འབྱོར་ནས་ད་ལོར་རང་ལོ་ཉི་ཤུར་སོན་པའི་བོད་ཀྱི་ཞི་ལུ་ཆུང་ཆུང་ཞིག་ཡིན།མིང་ཆ་ཚང་ལ་བཀྲ་ཤིས་བསྟན་འཛིན་ཞེས་འབོད་ཅིང་།གཅེས་མིང་ངམ་བསྡུས་མིང་དུ་བསྟན་འཛིན་ཞེས་འབོད་བཞིན་ཡོད། ཆུང་ནས་རྒྱ་བོད་ཡིག་གི་འབྲུ་མ་ཐར་ཐོར་རེ་བཀླགས་པའི་གོ་སྐབས་ཡོད་རུང་ཚད་ལྡན་གྱི་སློབ་གྲྭར་འགྲིམས་ནས་སློབ་གསོ་མྱོང་བའི་སྐལ་བ་ཡོངས་སུ་ཆད་པའི་འབྲོག་པའི་ཞི་ལུ་ཕལ་བ་ཞིག་ཡིན།ཁོའི་ཡིད་ལ་འཆར་བ་ནི་གངས་རི་དང་རྩྭ་ཐང་། ནོར་གནག་དང་རྟ་མཆོག་ཡིན།ཆུང་ནས་ན་མཉམ་དག་དང་ལྷན་དུ་དགའ་སྤྲོའི་དགོད་སྒྲ་རྒྱུན་ཆད་མ་མྱོང་ལ།རྟ་མཆོག་གི་གོང་ནས་སྐྱ་རྩལ་རྒྱས་བཞིན་པའི་ཞི་ལུ་གཟུགས་ཡག་ལ་སེམས་བཟང་བ་ཞིག་ཡིན། དུས་རབས་ཀྱི་རྙོག་གྲ་དང་མི་ཚོགས་ཀྱི་བསླུ་བྲིད།སྤྱི་ཚོགས་ཀྱི་འགྲན་སློང་བཅས་ཀྱི་རྒྱ་རུ་མ་ཚུད་པའི་ཆེས་དྭངས་གཙང་གི་སེམས་ཁམས་དང་ལྡན་ཞིང་རི་མཐོ་ས་གཙང་བོད་ཀྱི་ཡུལ་ཏེ་ཆེས་སྤྲོ་སྐྱིད་ཀྱི་ཞིང་ནས་འཚོ་བའི་ན་ཚོད་དར་ལ་འབབ་བཞིན་པའི་ཁམས་ཀྱི་ཕོ་གསར་ཆུང་ཆུང་ཞིག་ཡིན།སེམས་ཁམས་སྐྱིད་ཀྱིས་འཚོ་ཞིང་མཐོ་སྒང་གི་དྭངས་གཙང་ཁོར་ཡུག་ལ་སེམས་པ་གླན་པའི་དབུ་ནག་བོད་ཀྱི་ཞི་ལུ་ཆུང་ཆུང་ཞིག་ཡིན།ཞི་ལི་ཆུང་ཆུང་བལྟ་སར་ཡག་ལ་མི་གཤིས་གཙང་བའི་གསར་བུ་ཆུང་ཆུང་ཡ་རབས་ཤིག་ཡིན།ཁོས་བཤད་རྒྱུར། ཡུལ་མི་ཚོས་ང་ལ་རྟ་རྒྱུག་རྒྱལ་སྲས་ཞེས་འབོད་ཅིང་། ང་རང་སྙིང་ཉེ་བའི་གྲོགས་པོ་དག་དང་ལྷན་དུ་རྒྱུན་པར་རྟ་རྒྱུག་འགྲན་སྡུར་བྱས་དང་བྱེད་བཞིན་ཡོད།ང་ནི་རྟ་ལ་ཞོན་རྩལ་ཧ་ཅང་སྐྱེན་པས་སྡེ་བའི་ནང་གི་རྟ་རྒྱུག་འགྲན་སྡུར་སྐབས་ངས་རྒྱུན་པར་ཨང་དང་པོའི་དགའ་རྟགས་ལེན་བཞིན་ཡོད་ཟེར།

བོད་ཀྱི་ཕོ་གསར་ཆུང་ཆུང་།

     ཁམས་ཀྱི་ཕོ་གསར་ཆུང་ཆུང་བསྟན་འཛིན་ལགས་དྲྭ་སྟེང་ནས་མཚན་སྙན་གྲགས་རྒྱལ་ཡོངས་འཛིན་མའི་པང་བར་ཡུལ་དུས་ཀྱི་ཐོགས་རེག་གཏོར་ཏེ་ཆར་བ་བཞིན་ཟིམ་ཟིམ་དུ་བབ་ཅིང་རླུང་བུ་བཞིན་ཤིག་ཤིག་ཏུ་གཡུག་པས།བསྟན་འཛིན་གྱི་མཚན་སྙན་དང་འགྲོགས་ནས་རྒྱལ་ཡོངས་ཀྱི་ས་གནས་སོ་སོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལ་སྔར་མེད་ཀྱི་དོ་ཁུར་དང་རྒྱུས་ལོན་བྱས་ཤིང་།ལི་ཐང་རྫོང་གཙོ་བོར་བྱས་པའི་ཁུལ་ཡོངས་ཀྱི་ཡུལ་སྐོར་ལས་རིགས་ཐད་ལ་སྔར་མེད་ཀྱི་གསོན་ཤུགས་གསར་པ་ཞིག་བསྩལ་ཡོད་པ་དང་།ཡུལ་སྐོར་མཛེས་ལྗོངས་ཁུལ་དག་ལ་ཡུལ་སྐོར་བའི་ཁ་གྲངས་ལྡབ་འགྱུར་གྱིས་ཇེ་མང་དུ་སོང་ཚུལ་རྗོད་བཞིན་འདུག མིག་སྔར་རྒྱལ་ཡོངས་ཀྱི་ས་གནས་སོ་སོའི་འཕྲིན་སྦྱོར་སྡེ་ཁག་གང་མང་ཞིག་གིས།བསྟན་འཛིན་དང་འབྲེལ་བའི་དྲ་བའི་གླེང་མོལ་ཚ་ཚ་འུར་འུར་གྱིས་བྱེད་བཞིན་པའི་སྒང་ཡིན་ལ།སྔོན་ཚོད་བྱས་པ་ལྟར་ན་བསྟན་འཛིན་ལ་དོ་ཁུར་བྱེད་མཁན་གྱི་མི་གྲངས་དུང་ཕྱུར་བཅུ་ལས་བརྒལ་ཡོད་ཟེར།དེ་ལྟར་ཡིན་ན་གཞི་ཁྱོན་འདི་འདྲ་ཆེན་མོ་ཞིག་ནས་དོ་ཁུར་བྱེད་མཁན་ཆེས་མང་བའི་བོད་ཀྱི་ཕོ་གསར་ཐོག་མ་དེར་གྱུར་ཡོད་པ་རེད།

བོད་ཀྱི་ཕོ་གསར་ཆུང་ཆུང་།

     བསྟན་འཛིན་གྱིས་གློ་བུར་དུ་རྒྱལ་ཡོངས་ཀྱི་དྲྭ་སྒང་ཧྲིལ་པོར་འུར་ཆིལ་ལེར་བཏང་བས་མ་ཚད།རྒྱལ་སྤྱིའི་འཕྲིན་སྟེགས་གང་མང་ནས་བོད་ཀྱི་ཞི་ལུ་ཆུང་ཆུང་བསྟན་འཛིན་འདི་ཉིད་གླེང་གཞིར་གྱུར། ཁྱད་པར་སྤྱི་ཟླ11པའི་ཚེས30ཉིན་ཉི་ཧོང་རྒྱལ་ཁབ་ཀྱི་གསར་འགྱུར་འཕྲིན་ལམ་ཁག་ནས་བསྟན་འཛིན་དང་འབྲེལ་ཡོད་ཀྱི་གནས་ཚུལ་སྐོར་ལ་ཆེད་དོན་སྒྲོག་སྤེལ་བྱས་པས་རྒྱལ་སྤྱིའི་སྟེང་ལ་ཤུགས་རྐྱེན་བཟང་པོ་བཞག་ཅིང་།ཉི་ཧོང་རྒྱལ་ཁབ་ཡོངས་ཀྱི་དྲྭ་སྒང་གང་མང་ནས་ངོ་ན་འཛུམ་གྱིས་ཁེངས་ཤིང་ཤ་མདོག་ཅུང་སྨུག་ལ།བོད་ཀྱི་གོམས་སྲོལ་ལྟར་རྣ་བ་གཡོན་མའི་རྣ་ཤའི་སྟེང་ནས་རྣ་ལུང་འདོགས་སའི་བུ་ག་ཆུང་ཆུང་ཞིག་ཕུག་ཅིང་གཡུ་ཡི་རྣ་ལུང་སྟབས་བདེ་ཞིག་བཏགས་ཡོད་པའི་གདོང་དམར་བོད་ཀྱི་ཞི་ལུ་ཆུང་ཆུང་ཞིག་གི་འདྲ་པར་གྱིས་ཡོངས་སུ་བཀང་བར་བྱས།དེར་བརྟེན་རྒྱལ་སྤྱིའི་དྲྭ་སྒང་གང་མང་ནས་བོད་ཀྱི་ཞི་ལུ་ཆུང་ཆུང་འདིའི་སྐོར་གྱི་གནས་ཚུལ་གང་མང་བརྒྱུད་འགོད་བྱས།ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་རྩོམ་ཡིག་གསུམ་བསྟུན་མར་རྒྱལ་སྤྱིའི་དྲྭ་སྒང་དུ་སྤེལ་ནས་ཕྱི་རྒྱལ་གྱི་དྲྭ་གྲོགས་གང་མང་ལ་ཀྲུང་གོའི་སྤྱི་ཚོགས་དང་འབྲེལ་བའི་འཕྲིན་སྦྱོར་སྟེང་གི་མི་སྣ་གྲགས་ཅན་ཞི་ལུ་ཆུང་ཆུང་བསྟན་འཛིན་ངོ་སྤྲོད་བྱས་པ་རེད།

བསྟན་འཛིན་ནི་ཁམས་ཀྱི་མཚོ་འཕགས་མཐོ་ཤོས་སུ་གཏོགས་པའི་ཁམས་ལི་ཐང་རྫོང་གི་ཆེས་གཞི་རིམ་གྱི་འབྲོག་སྡེ་ཞིག་ནས་སློབ་གྲྭའི་སྒོ་ཐེམ་རྡོག་པས་མནན་མ་མྱོང་མཁན་ཞིག་ཅི་ལྟར་དྲྭ་སྒང་ནས་རྒྱལ་ཡོངས་དང་རྒྱལ་སྤྱི་ལ་གྲགས་སོང་བ་ཡིན་ནམ།དེ་ནི་སྤྱི་ཟླ11པའི་ཚེས11ཉིན་བརྙན་ལེན་གསར་འགོད་པ་ཞིག་གིས་ཁམས་ལི་ཐང་ཡུལ་ནས་བསྟན་འཛིན་བརྙན་དུ་ཕབ་པའི་སྐར་ཆ་བདུན་ཅན་གྱི་བརྙན་ཐུང་ཞིག་ལ“བོད་པའི་ཁམས་ཀྱི་ཕོ་རྒོད་རྫིག་མོ་འདུག་གམ”ཞེས་པ་ཁ་བྱང་དུ་བཞག་ནས་རྒྱལ་ནང་གི་འཁྱུག་དབྱངས་ཀྱི་སྟེང་དུ་བཀོད་པ་ནས་བཟུང་།དྲྭ་གྲོགས་མང་པོ་ཞིག་གིས་བལྟ་ཀློག་བྱས་ཤིང་།ཁྱད་པར་སྐྱེས་མ་མང་པོ་ཞིག་གིས་བརྙན་ཐུང་གི་གཤམ་དུ་དཔྱད་གཏམ་སྤེལ་ཏེ། ལ་ལས་བསྟན་འཛིན་གྱི“མིག་ཟུང་ནི་ཐོ་རེངས་སྐར་ཆེན་དང་འདྲ་འདུག”ཟེར། ལ་ལས་བསྟན་འཛིན་ནི“ལྷའི་ཕོ་ཉ་མི་ཡུལ་དུ་བྱོན་པ་རེད”ཟེར་བ་སོགས་བསྟན་འཛིན་གྱི་ལྷད་མ་འདྲེས་པའི་འཛུམ་མདངས་དང་བྱད་གཟུགས་ལ་ཀུན་གྱིས་བསྔགས་བརྗོད་ཚད་ལས་འདས་པ་ཐོབ་པས་མ་ཚད་མཚན་གཅིག་ལ་མི་གྲངས་ཁྲི1200ལྷག་གིས་བལྟས་ཡོད་པས།ཚད་འདི་འདྲ་སླེབས་པ་ནི་ཧ་ལས་པ་ཡིན་ཞིང་།དེ་ནས་རིམ་བཞིན་ཁམས་ཀྱི་ཞི་ལུ་ཆུང་ཆུང་བསྟན་འཛིན་ཞེས་པ་རྒྱལ་ཡོངས་འཛིན་མའི་སྒང་དུ་གྲགས་པའི་མགོ་ཚུགས་སོང་བ་རེད། དེར་མཐུད་ནས་དྲྭ་སྒང་གང་མང་ནས་གྲགས་པས་ལི་ཐང་རྫོང་རང་གིས་ཡུལ་སྐོར་ལས་རིགས་ཁྱབ་སྤེལ་དྲིལ་བསྒྲགས་པར་བསྐོ་བཞག་བྱས་ནས《བསྟན་འཛིན་གྱི་འཇིག་རྟེན》ཞེས་པའི་དྲིལ་བསྒྲགས་བརྙན་ཐུང་ཞིག་ཕབ་བསྐྲུན་བྱས་ཤིང་།དེ་ནི་ཁོས་ཕ་ཡུལ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཆེད་དུ་ཕབ་བསྐྲུན་བྱས་པའི་དྲིལ་བསྒྲགས་བརྙན་ཐུང་ཞིག་ཡིན་ལ།སྤྱི་ཟླ11པའི་ཚེས25ཉིན་དྲྭ་སྒང་ནས་ཡོངས་བསྒྲགས་བྱས་པས་རྒྱལ་ཡོངས་ཀྱི་ས་གནས་སོ་སོའི་འཕྲིན་སྦྱོར་སྡེ་ཁག་གང་མང་གིས་བརྒྱུད་འགོད་དང་།ཕྱོགས་སོ་སོས་དྲྭ་དམངས་མང་པོས་དོ་ཁུར་བསམ་ཡུལ་ལས་འདས་པ་ཐོབ།

     བསྟན་འཛིན་དྲྭ་གྲགས་ཀྱི་རླུང་རྟའི་རྒྱལ་མཚན་རྒྱལ་ཡོངས་འཛིན་མའི་མཁའ་ལ་བསྒྲེངས་པ་དང་ལྷན་དུ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཡུལ་སྐོར་ལས་རིགས་ལ་སྔར་མེད་ཀྱི་གསོན་ཤུགས་གསར་པའི་ཚེ་སྲོག་གསར་པ་རེ་བསྩལ་ཡོད་དེ།གང་དུ་སྐྱོད་ཅེས་པའི་དྲ་བའི་གྲངས་གཞི་ལས་མངོན་པར་གཞིགས་ན།སྤྱི་ཟླ11པའི་ཚེས25ཉིན་བར་སླེབས་དུས།སི་ཁྲོན་དཀར་མཛེས་ས་ཁུལ་གྱི་གསོལ་མགྲོན་ཁང་ཁག་ཏུ་སྔོན་མངགས་བྱེད་ཚད་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆ89འཕར་ཡོད་པ་རེད།སྤྱི་ཟླ11པའི་ཚེས17ཉིན་ནི་སྔོན་མངགས་བྱེད་ཚད་མང་དུ་འགྲོ་བའི་ཉིན་དང་པོ་ཡིན་པ་དང་།ཉིན་དེ་རང་གི་སྔོན་མངགས་བྱེད་ཚད་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆ111འཕར་བ་དང་ཉིན་སྔོན་མ་ལས་བརྒྱ་ཆ15འཕར་ཡོད།དེ་རྗེས་ཀྱི་གཟའ་འཁོར་གཅིག་གི་ནང་དཀར་མཛེས་ས་ཁུལ་གྱི་གསོལ་མགྲོན་ཁང་དུ་ཉིན་རེའི་སྔོན་མངགས་བྱེད་ཚད་དེ་དུས་མཚུངས་ལས་ལྡབ་གཅིག་ལྷག་ཙམ་འཕར་ཚད་རྒྱུན་འཁྱོངས་ཐུབ་ཡོད།

གནམ་གྲུའི་སྤ་སེ་འཚོང་ཚད་ཐོག་ནས་བཤད་ན། སྤྱི་ཟླ11པའི་ཚེས16ཉིན་ནས་བཟུང་དཀར་མཛེས་ཁུལ་དར་མདོའི་གནམ་ཐང་དང་།འདབ་པའི་གནམ་ཐང་ལ་སྐྱོད་པའི་སྐུ་མགྲོན་ན་ནིང་གི་དུས་མཚུངས་ལས་ལྡབ་གཉིས་ལ་ཉེ་བར་འཕར་ཡོད་པ་དང་།ཚེས17ཉིན་གཅིག་པུའི་མངགས་ཐོ་ཡང་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆ90འཕར་ཡོད། གཞན་ཡང་ཚེས21ཉིན་དང་ཚེས23ཉིན།ཚེས25ཉིན་བཅས་ཀྱི་གནམ་གྲུའི་སྤ་སེ་སྔོན་མངགས་བྱེད་ཚད་ཀྱང་ན་ནིང་གི་དུས་མཚུངས་ལས་བཅུ་ཆ་ལྔ་ཙམ་འཕར་ཡོད།

བོད་ཀྱི་ཕོ་གསར་ཆུང་ཆུང་།

     གནས་ཚུལ་དེའི་ཐད་དྲྭ་གྲོགས་ཚོས་དེ་ནི་དྲྭ་གྲགས་ཀྱི་ནུས་པ་འདོན་ཐབས་ཡག་ཤོས་རེད་ཟེར་བཞིན་ཚང་མས་བསྟན་འཛིན་ལ་བསྟོད་བསྔགས་ཀྱི་མེ་ཏོག་གང་མང་གཏོར་བཞིན་པ་ལགས་ཤིང་།ད་ལྟར་བསྟན་འཛིན་གྱིས་ཁམས་ལི་ཐང་རྫོང་གི་ཡུལ་སྐོར་སྤྱི་གཉེར་ཁང་ཞིག་ཏུ་གན་རྒྱ་བཞག་ཅིང་དེར་ཕྱོགས་ཡོང་གི་མགྲོན་པོ་ཚོར་ས་གནས་རང་གི་ཡུལ་སྲོལ་མི་ཆོས་སྐོར་གྱི་དྲིལ་བསྒྲགས་ཀྱི་བྱ་བར་འགན་འཁུར་བཞིན།ཞོར་དུ་རྒྱ་ཡིག་གི་འབྲུ་མ་རེ་རེ་དང་བོད་ཡིག་གི་དབྱངས་གསལ་སྦྱོར་ཀློག་ནས་སྦྱང་མགོ་ཚུགས་ཡོད་པ་རེད།

     ང་ཚོས་འདི་ནས་ཁམས་ལི་ཐང་ཡུལ་གྱི་ཞི་ལུ་ཆུང་ཆུང་བསྟན་འཛིན་ལགས་ཀྱི་མ་འོངས་པའི་མི་ཚེའི་བགྲོད་ལམ་ཡངས་པོར་སྒྱུ་རྩལ་ལ་འཇུག་པ་ཡངས་ཤིང་ཕུགས་ཀྱི་འདུན་མ་འོད་ཀྱིས་གསལ་ཐུབ་པའི་བཀྲ་ཤིས་ཁ་གཡང་ཁྲི་སྟོང་འབོད་པ་དང་ལྷན་དུ། ཁྱོད་ནི་མི་གཞན་པ་ཁྲི་སྟོང་ལས་ཀྱང་ཤུགས་རྐྱེན་ཆེ་བས་མ་འོངས་པར་བོད་ཀྱི་སྒྱུ་རྩལ་དང་ཡུལ་སྲོལ་རིག་གནས་སོགས་ཀྱི་མགྲིན་ཚབ་པ་ཞིག་ཏུ་འགྱུར་སྲིད་པས་ཁྱེད་ཀྱིས་གོང་རིམ་སྲིད་ཇུས་དང་མཐུན་པའི་སྒོ་ནས་བོད་མི་ཞིག་ཡིན་པའི་འགན་འཁྲི་གཙུག་ཏུ་བཀུར་ཞིང་བོད་ཀྱི་ཆོས་རིག་གཉིས་དང་རང་གི་མི་གཤིས་ཀྱི་མཛེས་པ་སོགས་ལ་སློབ་སྦྱོང་དང་བརྩི་འཇོག། རྒྱུན་འཁྱོངས་ཐུབ་པ་ཞིག་ཡོང་རྒྱུ་རེ་བ་ཡིན་ལ་དེ་ལྟར་བྱུང་ན་ཕ་མེས་ཀྱི་རིག་གཞུང་ལ་ཞབས་ཞུ་དང་ལི་ཐང་ཕོ་རྒོད་ཅིག་གི་ལས་འགན་ཡིན་ཞེས་པ་འདི་ནི་ཁྱོད་རང་ངོ་ཤེས་པའི་ཤ་རུས་གཅིག་པའི་ནང་མི་ཞིག་གི་ནང་གཏམ་གཤའ་མ་དེ་ལགས་སོ།།

༼ ངེད་གསར་འགོད་པ་ཨོ་རྒྱན་དོན་གྲུབ་ཀྱིས་བྲིས།༽



  • ལེ་ཚན་སྔོན་མ།:གནས་སྐབས་མེད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།