རྒྱལ་ཁབ་ཀྱི་པར་སྐྲུན་རོགས་སྐྱོར་ལས་གཞི《བོད་ཀྱི་སྐད་ཡིག་གི་ཤེས་བྱ་བསྡུས་གསལ་རིག་འཕྲུལ་བུམ་བཟང》(ཁག་དང་པོ)པར་སྐྲུན་འགྲེམ་སྤེལ་བྱས།
ཉེ་ལམ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས《བོད་ཀྱི་སྐད་ཡིག་གི་ཤེས་བྱ་བསྡུས་གསལ་རིག་འཕྲུལ་བུམ་བཟང》(ཁག་དང་པོ)པར་སྐྲུན་འགྲེམ་སྤེལ་བྱས། དཔེ་ཚོགས་འདི་ལ་ཁྱོན་བསྡོམས་དེབ་སུམ་ཅུ་ཡོད་ཅིང་། 2021ལོར་དེབ་ཉི་ཤུ་པར་དུ་བསྐྲུན་པ་དང་། 2022ལོར་དེབ་བཅུ་པར་སྐྲུན་བྱ་འཆར་ཡོད། འདི་ནི་རྒྱལ་ཁབ་གྲངས་ཉུང་མི་རིགས་དཔེ་སྐྲུན་ཆེད་དངུལ་རོགས་སྐྱོར་ལས་གཞིའི་གྲས་སུ་ཚུད་ཡོད་དོ།། དཔེ་ཚོགས་འདི་ནི་རྩོམ་པ་པོས་བགྲང་བྱ་བཞི་བཅུ་ལྷག་གི་སློབ་ཁྲིད་ཀྱི་མྱོང་བ་དང་ཞིབ་འཇུག་གི་ཐོབ་འབྲས་རྨང་གཞི་བྱས་ཏེ། ཞིབ་འཇུག་གི་ཐབས་ལམ་གཙོར་བཟུང་། གོ་སླ་བའི་ཚིག་སྦྱོར་ལྷུར་བླངས། གནད་དོན་ཆུང་ངུ་རེ་རྩལ་དུ་བཏོན། བོད་ཡིག་ལ་སྤྲོ་བ་ཡོངས་ལ་ཁ་ཕྱོགས། དཔེ་དེབ་དུ་མ་ཕྲེང་བར་བསྡེབས་ཏེ། ཐོག་མར་འཛམ་གླིང་དུ་ཡི་གེ་དར་ཚུལ་ནས་མགོ་ཚུགས་ཏེ། བོད་ཀྱི་སྐད་ཡིག་གི་ཁྱད་ཆོས་དང་། བོད་ཀྱི་སྐད་ཆའི་སྦྱོར་བའི་སྤྱི་ཁོག་དང་། རིག་གནས་དང་སྐད་ཡིག་གི་འཕེལ་རྒྱས་དང་། བརྡ་སྤྲོད་ཀྱི་འཕེལ་རིམ་དང་བསྟན་བཅོས་དག་གི་འབྲེལ་བ་དང་། ཚིག་ལྷུག་གི་རྣམ་གཞག་བཅས་དེབ་རེའི་བདག་ཉིད་དུ་སྤེལ་པ་དང་ལྷན་ཅིག་ཏུ། རྣམ་དབྱེ་དང་། ཚིག་ཕྲད་ཕལ་པ། བྱ་བ་བརྗོད་པའི་མིང་། ཞེ་སའི་མིང་། མངོན་བརྗོད་ཀྱི་མིང་སོགས་ཀྱིས་གཙོས་པའི་བརྗོད་དོན་ཕྲན་བུ་རེ་དེབ་རེར་བྱས་ཏེ། ཤེས་དགོས་པའི་བརྗོད་དོན་དག་གོ་སླ་བའི་ཚིག་ལ་བསྐྱོན་ཞིང་། ལེ་ཚན་རེ་རེ་དེབ་ཆུང་རེ་རེར་བགོས་ནས། དེབ་ཕྲེང་སྔ་ཕྱི་ལྷན་དུ་དྲིལ་ན་གངས་ཅན་བོད་པའི་སྐད་ཆ་དང་ཡི་གེའི་སྦྱོར་བ་སྤྱི་དང་དེ་དག་གི་ཁྱད་ཆོས་ལ་ངེས་པ་ཅུང་ཟད་བསྐྱེད་པར་མ་ཟད། དཔེ་དེབ་རྩོམ་འབྲི་དང་། སྐད་ཆའི་སྦྱོར་བ། པར་སྐྲུན་ཇུས་འགོད་གང་ཅིའི་ཐད་དུ་སྔར་མེད་དེབ་ཕྲེང་གི་རྣམ་པར་བསྐྲུན་པ་ཡིས་རྩོམ་པ་པོ་མི་གཅིག་གིས་སྤེལ་བའི་བོད་ཡིག་གི་ཤེས་བྱ་ཁྱབ་སྤེལ་གྱི་བཀླག་དེབ་མེད་པའི་དཔེ་སྐྲུན་གྱི་སྟོང་ཆ་བསྐངས་ཤིང་། བོད་ཡིག་ཆེད་དེབ་འབྲི་རྩོམ་གྱི་ལས་སྒོ་གསར་པ་ཞིག་ཀྱང་མངོན་པར་ཕྱེ་འདུག་གོ། དཔེ་ཚོགས་འདི་ནི་བོད་ཀྱི་རིག་གནས་སྤྱི་དང་སྒོས་སུ་སྐད་དང་ཡི་གེ་ལ་སྤྲོ་བའི་ཀློག་པ་པོ་ལྷན་རྒྱས་ཀྱི་ཡིད་ཀྱི་དགའ་བ་བསྐྱེད་པའི་གསོས་སུ་ཕུལ་བ་ལགས་སོ།། 《བོད་ཀྱི་སྐད་ཡིག་གི་ཤེས་བྱ་བསྡུས་གསལ་རིག་འཕྲུལ་བུམ་བཟང》ལས་ཐོག་མར་བཏོན་པའི་དེབ་ཉི་ཤུ་པོ་ནི་གཤམ་གསལ་ལྟར།1.འཛམ་གླིང་དུ་ཡི་གེ་བྱུང་འཕེལ་གྱི་ལོ་རྒྱུས་མདོར་བསྡུས་སྟོང་ཐུན་གོ་ཐུབ།2.བོད་ཀྱི་སྐད་ཡིག་གི་ཁྱད་ཆོས་མདོར་བསྡུས་བློ་ལྡན་སྐུལ་བའི་ཅོང་སྒྲ།3.བོད་སྐད་ནི་སྔ་རྒྱུ་ཕྱི་འབྲས་ཀྱི་སྦྱོར་བ་ཅན་ཡིན་ཚུལ་བཤད་པ་རིགས་པའི་ཐིགས་པ།4.བོད་ཀྱི་བཀའ་གཙིགས་ཡིག་རྙིང་གི་བརྡ་སྤྲོད་ཁྱད་ཆོས་ལུང་སྒྲུབ་རིགས་ཐུར།5.བརྡ་སྤྲོད་བསྟན་བཅོས་སུ་ཉར་བའི་སྐད་ཆའི་ལོ་རྒྱུས་མངོན་ཕྱུང་རིགས་པའི་ཐུར་མ།6.བོད་སྐད་ཀྱི་བརྡ་སྤྲོད་རིག་པའི་འཕེལ་འགྱུར་ཉུང་གསལ་ལོ་རྒྱུས་ཁོག་འབུགས།7.བོད་སྐད་ཀྱི་བརྡ་སྤྲོད་བསྟན་བཅོས་དག་གི་འབྲེལ་བ་མཐོང་བ་རྟོགས་གྲོལ།8.བོད་སྐད་ཀྱི་རྣམ་དབྱེའི་རྣམ་གཞག་བློ་འབྱེད་དུངས་སྐྱེད།9.བོད་སྐད་ཀྱི་ཚིག་ཕྲད་ཕལ་བའི་སྦྱོར་ཚུལ་བློ་གསལ་འཇུག་སྒོ།10.བོད་སྐད་ཀྱི་མིང་བརྡ་རིག་པའི་རྣམ་གཞག་ཉུང་བསྡུས་གསང་གནད་བདེ་གྲོལ།11.ཡན་ལག་གི་ཡི་གེ་དང་མིང་གི་གྲུབ་ལུགས་བསྡུས་བཤད་གནད་གསལ་སྒྲོན་མེ།12.བོད་སྐད་ཀྱི་བྱ་བ་བརྗོད་པའི་མིང་གི་རྣམ་གཞག་ཉུང་བསྡུས་གསལ་མཐོང་མེ་ལོང་།13.མིང་གི་སྦྱོར་ཚུལ་དང་ཚིག་རྒྱན་གྱི་ནུས་པ་སྙན་དབང་གསོ་བའི་བདུད་རྩི།14.བོད་སྐད་ཀྱི་ཚིག་ལྷུག་གི་རྣམ་གཞག་མདོར་བསྡུས་ཟླ་ཤེལ་ཞུན་ཐིགས།15.མིང་གི་ཆ་ཤས་པ་བ་སོགས་ཀྱི་གནད་དོན་དཔྱད་བཅད་ཚངས་ཐིག16.བོད་སྐད་ཀྱི་ཞེ་སའི་མིང་གི་རྣམ་གཞག་མེས་པོའི་ཞབས་འདེགས།17.མངོན་བརྗོད་ཀྱི་མིང་གི་ཤེས་བྱ་མདོར་བསྡུས་རིན་ཆེན་འོད་ཚོམ།18.རིག་གནས་བརྗེ་རེས་དང་བོད་སྐད་ཀྱི་འཕེལ་འགྱུར་གངྒཱའི་རྒྱུན་བཟང་།19.བོད་སྐད་ཀྱི་སྦྱོར་བ་ལ་གྲུབ་པའི་རིག་གནས་བསྟན་དོན་གབ་པ་གཏེར་གྱི་གང་བུ།20.མིང་བརྡ་གསར་པ་དང་སྤྱི་ཚོགས་ཀྱི་འཕེལ་འགྱུར་དུས་འགྱུར་གསལ་བའི་མེ་ལོང་།
ལྕགས་ཐར་རྒྱལ་ལགས་ནི་མཚོ་སྔོན་ཁྲི་ཀ་རྫོང་དུ་སྐྱེས་ཤིང་། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དང་བོད་ལྗོངས་སློབ་གྲྭ་ཆེན་མོ་དང་། ནང་སོག་དགེ་འོས་སློབ་གྲྭ་ཆེན་མོའི་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་གཅིག་ལྕོགས་སུ་འཁུར་ཞིང་། རྒྱལ་ཁབ་རིམ་པའི་དགེ་རྒན་སྐད་གྲགས་ཅན་དང་། རྒྱལ་ཡོངས་དགེ་འོས་སློབ་གྲྭ་ཆེན་མོའི་སྤྱོད་ལེགས་དགེ་རྒན་སོགས་ཀྱི་གྲས་སུ་བདམས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་སློབ་གསོ་བ་ཕུལ་བྱུང་ཅན་དང་། དགེ་རྒན་ཕུལ་བྱུང་བའི་མཚན་སྙན་ཡང་ཐོབ་པ་དང་། མཚོ་སྔོན་ཞིང་ཆེན་གྱི་དམངས་ཆེན་ཚོགས་འདུ་སྐབས་དགུ་པའི་འཐུས་མིའི་འགན་ཡང་ཁུར་མྱོང་ལ། སྔ་ཕྱིར་བྱ་དགའ་ཆེ་ཆུང45ཐོབ། ད་ལྟ་མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་དང་། གླིང་སྤྱི་གཞོན་པ། མཚོ་སྔོན་ནང་བསྟན་སློབ་གླིང་གི་ཟུར་བཞེས་དགེ་རྒན་ཆེན་མོ་སོགས་ཀྱི་འགན་མང་པོ་གཅིག་ལྕོགས་སུ་འཁུར་མུར། རྒྱལ་ཁབ་རིམ་པའི་བོད་ཀྱི་སྐད་ཡིག་གི་ཆུ་ཚད་འཇལ་བྱེད་ཀྱི་ཚད་གཞི་གཏན་ལ་ཕབ་ཅིང་། འཁོར་སྐར་དྲ་ལམ་གྱི་བོད་སྐད་ཀྱི་སློབ་ཚན་ཐོག་མ《བོད་ཀྱི་ཡི་གེ་རིག་པའི་སྤྱི་དོན》ཞེས་པ་གསར་དུ་སྤེལ་བ་དང་། སྔ་ཕྱིར་ཞིང་ཆེན་རིམ་པ་ཡན་གྱི་རིག་གཞུང་ཞིབ་འཇུག་གི་ལས་གཞི་ཆེན་མོ6བསྒྲུབས་པ་དང། རིག་གཞུང་དཔྱད་རྩོམ53སྤེལ་བ་དང་། དཔེ་དེབ14དཔེ་སྐྲུན་བྱས་པ་ལས། དེབ6ལ་ཞིང་ཆེན་ཡན་གྱི་བྱ་དགའ་ཐོབ་ཅིང་། ལྷག་པར《བོད་སྐད་ཀྱི་ཚིག་གི་རྣམ་གཞག་རིག་འཕྲུལ་རྒྱན་ཕྲེང》ཞེས་པ་ལ་སྐབས་བཞི་པའི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའ་ལས་བོད་ཡིག་གི་ཞིབ་འཇུག་ཆེད་རྩོམ་རིགས་ཀྱི་ཨང་དང་པོ་ཐོབ་པའོ།།