བཀྲ་ཤིས་རྟགས་མཆོག་བརྒྱད་ཀྱིས་ལོ་གསར་བསུ།

འཇུ་རབ་གསལ།        2022-03-03

བཤད་སྒྲུབ་གསེར་གྱི་ཡུ་བ་མཐོན་པོའི་རྩེར།།

ལུང་རྟོགས་ནོར་བུའི་ཏོག་གིས་ལེགས་པར་མཛེས།།
ཕན་བདེའི་བསིལ་གྲིབ་འཇམ་པོའི་དཔལ་འཇོ་བའི།།
རིན་ཆེན་གདུགས་དཀར་དམ་པས་ལོ་གསར་བཟང་།།

ལུགས་གཉིས་ཤེས་བྱའི་སྤྱན་ཟུང་རབ་སྒེག་ཅིང་།།
གནའ་དེང་རིག་པའི་གཤོག་རྩལ་ཀུན་ནས་རྒྱས།།
གཞུང་ལུགས་རྒྱ་མཚོ་བརྒལ་བར་མི་ངལ་བའི།།
རིན་ཆེན་གསེར་ཉ་ཆ་ཡིས་ལོ་གསར་བཟང་།།


ཡང་དག་རྒྱུ་འབྲས་དཀར་པོའི་ཉེར་ལེན་གྱིས།།

སྡེ་བཞིའི་ཕུན་ཚོགས་དགོས་འབྱུང་ནོར་བུའི་མཛོད།།
སྲིད་ཞིའི་དགེ་ལེགས་འཇོ་བར་ལྟོར་འཛིན་པའི།།
རིན་ཆེན་གསེར་གྱི་བུམ་པས་ལོ་གསར་བཟང་།།

བྱམས་དང་བརྩེ་བའི་འདབ་མ་རབ་རྒྱས་ཤིང་།།
ཚུལ་དང་ལུགས་ཀྱི་ཟེའུ་འབྲུ་ཡོངས་སྨིན་ཏེ།།
ཞི་བདེ་སྦྲང་རྩིའི་བསུང་ངད་གོ་ལར་འཐུལ།།
རིན་ཆེན་ཀ་མ་ལ་ཡིས་ལོ་གསར་བཟང་།།


བདེན་པའི་རང་མདངས་གཡས་སུ་ལེགས་འཁྱིལ་བ།།

བདེན་པའི་སྒྲ་དབྱངས་འགག་མེད་སྙན་པར་སྒྲོག།
དགེ་མཚན་གྲགས་པ་སྟོང་གི་རང་རྟགས་ཏེ།།
རིན་ཆེན་གཡས་འཁྱིལ་དུང་གིས་ལོ་གསར་བཟང་།།

མཛའ་གཅུགས་མི་ཤིགས་ཁུག་མདུད་ཀྱིས་མཛེས་ཤིང་།།
བཀྲ་ཤིས་མཚན་མ་འབུམ་གྱི་དཔལ་རྫོགས་ནས།།
ཀུན་ནས་ཤིས་པའི་རེ་ཁ་མངོན་བཀྲ་བའི།།
རིན་ཆེན་དཔལ་གྱི་བེའུས་ལོ་གསར་བཟང་།།

ཞི་བའི་དར་ཆེན་འཛམ་གླིང་ཁྱོན་ལ་གཡོ།།
བདེ་བའི་བླ་བྲེས་འབྱུང་བཞིའི་གཡུལ་ངོ་བཟློགས།།
འཛད་མེད་དགེ་ལེགས་ནོར་བུའི་ཏོག་འབར་བའི།།
རིན་ཆེན་རྒྱལ་མཚན་གསར་པས་ལོ་གསར་བཟང་།།

རྨད་བྱུང་སྙིང་སྟོབས་དུས་མཐའི་རླུང་ཤུགས་ཅན།།
ངོ་མཚར་མཛད་པའི་རྩིབས་སྟོང་མངོན་རྫོགས་ཤིང་།།
ལེགས་བྱས་ལྷུན་འགྲུབ་ས་ཆེན་ཡོངས་བརྒལ་བའི།།
རིན་ཆེན་འཁོར་ལོའི་དཔལ་གྱིས་ལོ་གསར་བཟང་།།


  • ལེ་ཚན་སྔོན་མ།:ལོ་སར་རྟེན་འབྲེལ་གཡང་ཆགས་མ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།