བོད་ལོ་སར་གྱི་ཤིས་ཚིག་པད་དཀར་ཆུན་པོ།།

        2022-03-04

ཀ་མ་ལ་སོགས་མཛེས་པའི་མེ་ཏོག་དང་།།

ཁ་བཏགས་དྲི་མ་མེད་པ་རབ་བཏེགས་ཏེ།།

ག་སར་གནས་པའི་བོད་རིགས་སྤུན་ཟླ་ལ།།

ང་ཚོ་བོད་ཀྱི་ལོ་སར་བཀྲ་ཤིས་ཞུ།།

ཅ་ནེ་འབྲུག་རིས་ཅན་ནང་གསོལ་ཆང་བླུགས།།

ཆ་ལུགས་མཛེས་པའི་གོས་རྒྱན་ལུས་ལ་བགོས།།

ཇ་མར་རྩམ་པའི་མཆོད་པ་བསྟར་ལ་བསྒྲིགས།།

ཉ་ཤ་ཟས་ཀྱི་སྟ་གོན་ཕུན་སུམ་ཚོགས།།

ཏམ་བུ་ར་ཡི་རོལ་དབྱངས་སྙན་མོའི་ཁྲོད།།

ཐ་སྙད་བཟང་བོའི་ཤིས་ཚིག་གླུ་རུ་ལེན།།

ད་ཙམ་མ་ཟད་ཇི་སྲིད་འཚོ་བའི་བར།།

ན་ཚས་མི་དགྲ་བདེ་ཞིང་སྐྱིད་པར་ཤོག།

པ་ཏྲས་མཚན་པའི་དགོན་པའི་མདའ་ར་ནང་།།

ཕ་རོལ་འཇོམས་པའི་རྡོ་རྗེའི་གར་སྟབས་རྫིག།

བ་གམ་སྟེང་གི་ལྷ་བསང་དཀར་པོ་དེས།།

མ་གཙང་དག་ནས་ཆར་ཆུ་དུས་སུ་འབེབས།།

ཙ་རེར་བརྒྱུད་པའི་གནས་ལྔ་རིག་པའི་དཔལ།།

ཚ་གདུང་སྐྱོབ་པའི་གདུགས་ལྟར་མཛེས་པར་ཤོག།

ཛ་དྲག་འཐབ་རྩོད་ནང་དམེ་རབ་སྤངས་ཏེ།།

ཝ་ལེར་བྱམས་པའི་སེམས་ཀྱིས་ཀུན་དང་འགྲོགས།།

ཞྭ་གོས་རྫིག་པོ་མེད་ཀྱང་གཙང་སྦྲ་གལ།།

ཟ་འཐུང་ཇི་ཙམ་མོད་ཀྱང་ཆུད་ཟོན་མེད།།

འ་ཅག་ཁ་བ་རི་པ་འདི་ཉིད་ནི།།

ཡ་རབས་སྤྱོད་པས་འཛམ་གླིང་རྒྱན་དུ་སྨོན།།

ར་ལུག་འཚོ་བའི་ས་མཐའི་འབྲོག་སྡེ་དང་།།

ལ་རྩར་གནས་པའི་རོང་བ་ཚང་མས་ཀྱང་།།

ཤ་ཞེན་ཡོད་ན་ཚན་རིག་ལག་རྩལ་སྦྱོངས།།

ས་ཆེན་འདི་རུ་ཡུན་དུ་གནས་ཆེད་ཡིན།།

ཧ་ཅང་འཚབ་ཆེན་རིམས་ནད་དྲག་པོ་འདིར།།

ཨ་རོགས་ཚང་མས་དོ་སྣང་ཡག་པོ་མཛོད།།

ཧ་ཅང་མི་རིང་ན་བུན་ཡོངས་སངས་ནས།།

ཨ་སྐྱིད་སྐལ་བཟང་ཉི་མ་འཆར་བར་ངེས།།

བློ་བཟང་ཟླ་བ།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:བཀྲ་ཤིས་རྟགས་མཆོག་བརྒྱད་ཀྱིས་ལོ་གསར་བསུ།
  • ལེ་ཚན་རྗེས་མ།:བོད་ལོ་སར་གྱི་ཁ་བཏགས་སྣེ་རིང་།