བེའུ་རྒྱ་ཐོའི་བློ་བསྐྱེད།

ཁྲི་ཟླ་གཞོན།        2022-03-07

གནའ་སྔ་མོར་ས་ཆ་ཞིག་ན་འབྲོག་ཁྱིམ་དབུལ་པོ་ཞིག་ཡོད་ལ། ཁྱིམ་ཚང་དེར་ར་མ་འགའ་དང་འབྲི་རྒན་མ་བུ་གཅིག་ལས་སྒོ་ཕྱུགས་གཞན་ཅི་ཡང་མེད། འབྲི་རྒན་དེའི་བེའུ་ནི་རྒྱ་རྒྱ་རྭ་མེད་ཞིག་ཡིན་པས་མིང་ལ་ཡང་བེའུ་རྒྱ་ཐོ་ཟེར། ཁྱིམ་ཚང་དེའི་བདག་མོས་འབྲི་མ་བུ་དེར་ཤིན་ཏུ་གཅེས་ཤིང་ནམ་རྒྱུན་འོ་མ་ཉུང་ཙམ་རེ་བཞོ་བ་ལས་མང་ཆེ་ཤོས་བེའུ་ལ་འཇོག་པར་བྱེད། དུས་ཡུན་རིང་པོ་ཞིག་འགོར་བ་ན་བེའུ་རྒྱ་ཐོ་ཧ་ཅང་པྲ་ཆལ་ཞིག་ཏུ་གྱུར་ཏེ་ནམ་རྒྱུན་ཨ་མའི་ཆས་སྣོད་ཀྱི་མགོ་རྟིང་སློག་ཅིང་། བདག་མོས་རང་གི་འོ་སྐལ་འཕྲོག་པར་ཡི་མ་རངས་ནས་ཐེངས་འགའ་ཤས་ལ་བཞོ་ཟེའུ་ཡང་ཕྲ་ཡིས་བརྒྱབ་ནས་བསློགས་ཏེ་སྐྱིན་པ་བླངས། ཁོས་ད་དུང་ཨ་མའི་ཁ་ལ་མཉན་ནས་རྩྭའི་བཟང་ངན་དང་ཆུའི་ཞིམ་མིན་ལ་མི་བརྟག་པར། ནམ་རྒྱུན་འོ་མ་རྒྱགས་ཐག་ཆོད་པ་ཞིག་བཏུང་རྗེས་སྤང་བདེ་ས་འཇམ་ས་ཞིག་བཙལ་ཏེ་ཉིན་ལྟར་སྒྱིད་ལུག་ངང་ཉི་མར་ལྡེ་ནས་གཉིད་དུ་ཡུར།

དུས་ཡུན་རིང་བོ་ཞིག་འགོར་རྗེས་བེའུ་རྒྱ་ཐོ་ནར་སོན། ཡིན་ནའང་ཁོ་ལ་གྲོགས་པོ་ཤིན་ཏུ་ཉུང་བས་སེམས་སུ་གྲོགས་པོ་ཉུང་དོན་ནི་རང་གི་མགོར་ནོར་གནག་གཞན་དང་འདྲ་བའི་རྭ་ཅོ་རྣོན་པོ་གཉིས་མེད་པ་དེ་ལན་པ་རེད་སྙམ། ཁོའི་སེམས་སུ་རྭ་ཅོ་མེད་པ་དེ་ངོ་ཚ་ཞིག་ཡིན་པས་དུས་རྒྱུན་སེམས་སུ་རང་དམན་གྱི་བསམ་བློས་ཁེངས་ཡོད།

ཉིན་ཞིག བེའུ་རྒྱ་ཐོ་ནམ་རྒྱུན་ལྟར་གཉིད་པར་རྩོམ་དུས། རྣ་ལམ་དུ་"ཕྱེ་ལེབ་སྒེག་མོ། ཐུགས་རྗེ་ཆེ། འདི་ནི་ཁྱེད་ལ་འབབ་འོས་པ་ཞིག་རེད"་ཟེར་བ་ཐོས། ཁོས་མྱུར་དུ་མགོ་བཀྱགས་ནས་ལྟ་དུས། མེ་ཏོག་སེར་ཆེན་ཡིད་དུ་འོང་བ་ཞིག་གིས་ཕྱེ་མ་ལེབ་ཅིག་གི་གཤོག་པར་མཛེས་སྤྲས་བྱེད་པ་མཐོང་། ཁོ་ཧ་ཅང་ཡ་མཚར་ནས་མྱུར་དུ་ལངས་ཤིང་དེ་གཉིས་ཀྱི་གམ་དུ་སོང་ནས་གནས་ཚུལ་དྲིས་པར། མེ་ཏོག་སེར་ཆེན་གྱིས་"ཕྱེ་ལེབ་སྒེག་མོས་ནམ་རྒྱུན་ལྷག་བསམ་ཟོལ་མེད་ཀྱིས་ང་ཚོའི་ཟེའུ་རྡུལ་ཕྱགས་ནས་བདག་སྐྱོང་བྱས་པས། ངེད་མེ་ཏོག་ཚོས་བཀའ་དྲིན་གཞལ་བའི་ཆེད་དུ་ཁོ་མོའི་གཤོག་པར་མཛེས་སྤྲས་བྱེད་པ་ཡིན་"ཟེར། སྐབས་དེར་ཕྱེ་མ་ལེབ་ཀྱིས་ཧ་ཅང་བྱམས་པའི་འཛུམ་དང་བཅས་"བེའུ་ཆུང་ཆུང་། སྔོན་མ་ང་ནི་སུས་ཀྱང་མཐོང་ན་བལྟར་མི་འདོད་པ། འཇའ་ཚོན་སྣ་ལྔའི་ཁ་དོག་ཅན་གྱི་གོས་ལྭ་སོགས་མེད་པའི་སྐྱ་བོ་ཐལ་མདོག་གི་ཕྱེ་ལེབ་མདོག་མི་སྡུག་པ་ཞིག་ཡིན། ངས་རང་ཉིད་སྐྱེས་མ་ཐག་ལུས་སྟེང་དུ་རྨ་བྱའི་སྒྲོ་མདོངས་དང་ནེ་ཙོའི་སྒྲོ་མཐིལ། མེ་ཏོག་གི་བཀྲགས་མདངས་ལྟ་བུ་སོགས་ཅི་ཡང་མེད་པར་འཁང་ར་བྱས་མྱོང་། ཡིན་ནའང་འཁང་ར་ལས་ང་ལ་ཐོབ་པ་ནི་སྡུག་བསྔལ་ཁོ་ན་ལས་མེད་པས་མཐར་སེམས་ཐག་བཅད་ནས་གཞན་ལ་རོགས་རམ་བྱ་རྒྱུར་འབད་པ་ཡིན། ངས་རང་གི་ནུས་པ་ཡོད་ཚད་ཀྱིས་དུས་ལྟར་མེ་ཏོག་ཚོགས་ཀྱི་ཟེའུ་རྡུལ་ཕྱགས་ཤིང་། ཆུ་གཏོར་དང་ལུད་འཇོག་བྱས། རྗེས་སུ་ཨ་ཅེ་མེ་ཏོག་སེར་ཆེན་གཙོས་བྱས་མེ་ཏོག་སྣ་ཚོགས་ངའི་བྱེད་སྟངས་ལ་ཡིད་འགུལ་ཐེབས་ཏེ་བཀའ་དྲིན་གཞལ་ཕྱིར་རེ་རེ་ནས་ཡིད་དུ་འོངས་བའི་ཚོན་སྣ་རེ་གནང་དེ་ངའི་གཤོག་པར་མཛེས་སྤྲས་བྱ་རྒྱུར་ཁ་འཆམས། ད་ལྟ་ངའི་རེ་སྨོན་ཡོངས་སུ་གྲུབ་སྟེ་འཇིག་རྟེན་སྟེང་ཆེས་མཛེས་སྡུག་ལྡན་པ་ཞིག་ཏུ་གྱུར་ཡོད། བེའུ་རྒྱ་ཐོ། ཁྱོད་ལའང་ཁོམ་པ་ཡོད་ན་གཞན་ལ་རོགས་རམ་མང་ཙམ་བྱས་དང་ཁྲིག་ཁྲིག་མེད་ན་བསམ་ཡུལ་ལས་འདས་པའི་ལེགས་སྐྱེས་རེ་ཐོབ་ངེས་"ཟེར། དེར་བེའུ་རྒྱ་ཐོས་བསམ་བློ་ཞིག་བཏང་རྗེས། སེམས་སུ་མ་འོངས་པར་གཞན་ལ་རོགས་རམ་བྱས་ན་རང་ཉིད་ཀྱང་ཕྱེ་མ་ལེབ་མེ་ཏོག་ལ་འཕྲད་པ་ནང་བཞིན་མི་བཟང་ཞིག་དང་འཕྲད་དེ་རྭ་ཅོ་རྣོན་པོ་ཞིག་སྟེར་ངེས་སྙམ།

ཟླ་ངོ་འགའ་ལ་ཁོས་སྲོག་ཆགས་དང་རྩི་ཤིང་མང་པོ་ཞིག་ལ་རོགས་རམ་བྱས་ཀྱང་། སུས་ཀྱང་ཁོ་ལ་མཛེས་ཤིང་རྣོ་བའི་རྭ་ཅོ་ཆ་གཅིག་གནང་མ་ཐུབ། འོན་ཀྱང་སྲོག་ཆགས་མང་པོ་ཞིག་རྭ་ཡོད་པའི་བེའུ་གཞན་ལས་རྭ་མེད་པའི་བེའུ་རྒྱ་ཐོར་ཤིན་ཏུ་དགའ་ཞིང་། བེའུ་རྒྱ་ཐོ་ལ་བདག་པོ་ཚང་གི་ཁྱིམ་མཚེས་ཀྱི་བེའུ་འགའ་དང་རིགས་མི་མཐུན་པའི་སྲོག་ཆགས་གཞན་གྱི་གྲོགས་པོ་སོགས་ཀྱང་མང་པོ་བྱུང་བས། སྐབས་དེར་ད་གཟོད་ཁོས་རང་ཉིད་ལ་གྲོགས་པོ་མེད་དོན་ནི་རྭ་མེད་པས་ལན་པ་མིན་པར་མི་ལ་ཕན་འདོགས་དགོས་པའི་གནས་ལུགས་ཤེས་ནས་སྔར་ལས་ཀྱང་གཞན་ལ་རོགས་རམ་བྱ་རྒྱུར་དགའ་བ་ཞིག་ཏུ་གྱུར།

བེའུ་རྒྱ་ཐོ་ཆུང་དུས་ནས་ཁོའི་ཁྱིམ་མཚེས་ར་མ་དེ་ཚོའི་འབའ་སྐད་དང་བྱེད་སྟངས། རྣམ་འགྱུར་སོགས་ལ་ཤིན་ཏུ་སུན་ཞིང་། བདག་པོས་རང་ཉིད་དང་ཨ་མ་མཉམ་དུ་གནས་སྤར་ནས་ར་མ་དེ་དག་མེད་པའི་དབེན་ས་ཞིག་ཏུ་གནས་འཆའ་རུ་བཅུག་ན་སྙམ་བཞིན་ཡོད།

ཉིན་ཞིག། བེའུ་རྒྱ་ཐོ་ཨ་མ་དང་མཉམ་དུ་སྔ་མོར་ལངས་ཤིང་བདག་མོར་འོ་མ་བཞོས་ནས་ཚར་དུ་བཅུག་རྗེས། ཤིང་སྡོང་སྣ་ཚོགས་ཀྱིས་བཀང་བའི་བདག་པོ་ཚང་གི་རྩྭ་སར་རྩྭ་བཟའ་རུ་ཆས། ལམ་འགྲམ་དུ་སླེབས་དུས་ཚང་ཚིང་གི་ཡལ་འདབ་རྒྱས་པའི་སྡོང་པོ་ཞིག་གི་མགོ་ན་འུག་པ་ཞིག་གིས་མིག་ཆུ་འབྱིན་ཞིང་འཇོལ་མོ་ཞིག་གིས་སེམས་གསོ་བྱེད་པ་མཐོང་།

བྱེའུ་འཇོལ་མོས་ན་རེ་"འུག་པ། ཁྱོད་དོན་ཅིའི་ཕྱིར་འདི་འདྲའི་སྡུག་བསྔལ་བྱེད་པ་ཡིན།"

འུག་པས་ན་རེ་"ང་ནམ་རྒྱུན་གླུ་དབྱངས་ལེན་པར་ཤིན་ཏུ་དགའ། ཡིན་ནའང་ང་ལ་ཁུ་བྱུག་ལྟ་བུའི་ལྷན་སྐྱེས་ཀྱི་སྐད་ངག་མེད་པས་ཉིན་མཚན་མེད་པར་འབད་བརྩོན་གྱིས་སྦྱངས་པ་བྱས་པ་ཡིན། ཁྱིམ་མཚེས་འདབ་ཆགས་ཚོས་ངའི་སྐད་སྡུག་པོ་རེད་ཟེར་ནས་ང་དང་འབྲེལ་ཐག་བཅད་པར་མ་ཟད། ཚང་མས་མ་བགྲོས་གཅིག་མཐུན་གྱིས་ང་རང་ནགས་ཚལ་ལས་བསྐྲད་དེ་གནས་གཞན་ཞིག་ཏུ་སོང་ཟེར། ངས་སྔ་རྗེས་སུ་ཐེངས་བཅུ་ཕྲག་འགའ་ལ་གནས་སྤར་ཀྱང་། མཇུག་འབྲས་སྔ་མ་ལྟར་གྱུར་པས་ད་ནི་རེ་ཐག་ཆད་དེ་ངུ་བ་ཡིན། ཁོ་ཚོ་ཚང་མ་མི་ངན་རེད། ཁོ་ཚོས་ངའི་སྐད་ངག་སྙན་པོ་རུ་འགྱུར་བར་ཕྲག་དོག་བྱས་པ་རེད། ཚང་མས་ང་ལ་ཐུབ་ཚོད་བྱེད། བོའོ་བོའོ་བོའོ།"

བྱེའུ་འཇོལ་མོས་ན་རེ་"འུག་པ། ད་ཁྱོད་མ་ངུ་། ཁྱོད་ཀྱིས་སོམས་དང་། ཁྱིམ་མཚེས་གཅིག་དང་གཉིས་ལ་མ་འགྲིག་ན་སྐྱོན་ཆ་ཁྱིམ་མཚེས་དེ་ཚོར་ཡོད་ན་ཐང་། འོན་ཀྱང་ཁྱིམ་མཚེས་བཅུ་ཕྲག་འགའ་ལ་མ་འགྲིག་ན། མི་འགྲིག་པའི་རྒྱུ་རྐྱེན་ཁྱོད་ཀྱིས་རང་སྟེང་ལ་བཙལ་ན་འགྲིག། མི་སུ་ཞིག་ཡིན་ཡང་རང་སྐྱོན་རི་རབ་འདྲ་ཡང་མཐོང་དཀའ་ལ་གཞན་སྐྱོན་ཁབ་མགོ་ཙམ་ཡང་རྙེད་སླ། ཁྱོད་ཀྱིས་རང་གི་དགའ་ཕྱོགས་སྐྱེད་སྲིང་བྱེད་པ་ཤིན་ཏུ་འོས་མོད། འོན་ཀྱང་གཞན་ལ་བར་ཆད་མི་བྱེད་པའི་རྨང་གཞིའི་ཐོག་སྦྱངས་པ་བྱས་ན་ད་གཟོད་དེ་བས་ལེགས་སྙམ་"ཟེར་བར། འུག་པ་རེ་ཞིག་ངུ་འཚམས་ཆད་དེ་འཇོལ་མོ་ལ་ཁྱོད་ཀྱིས་བཤད་པ་ཤིན་ཏུ་བདེན་ཟེར།

བེའུ་རྒྱ་ཐོས་འུག་པ་དང་འཇོལ་མོ་གཉིས་ཀྱི་ཁ་བརྡ་ཐོས་པས། རང་ཉིད་ཁྱིམ་མཚེས་ར་མ་ཚོར་དོན་མེད་དུ་སུན་སྣང་སྐྱེས་པ་མི་འགྲིག་ཅིང་སྐྱོན་མཐའ་དག་རང་སྟེང་དུ་ཡོད་པས་དེ་ལེགས་བཅོས་བྱ་དགོས་པའི་ངེས་ཤེས་རྙེད། ཉིན་དེ་ནས་བཟུང་བེའུ་རྒྱ་ཐོ་དང་ར་མ་ཁྱིམ་མཚེས་ཚོའི་འབྲེལ་བ་ཇེ་ལེགས་སུ་གྱུར་ནས་མཛའ་འབྲེལ་གྱི་ཨ་ལོང་གཅིག་ཏུ་སྦྲེལ་ཏེ་མཐར་སྤུན་ཟླ་ལྟར་གྱུར།

བེའུ་རྒྱ་ཐོའི་བདག་པོ་ཚང་གི་ཁྱིམ་མཚེས་ལ་རྟ་རྒན་ཞིག་ཡོད་ཅིང་། དེ་དུས་རྒྱུན་གཏམ་རྒྱུད་བཤད་པར་ཤིན་ཏུ་དགའ། བེའུ་རྒྱ་ཐོ་ཉིན་ལྟར་སྔ་མོར་ལངས་ནས་ཨ་མར་འགྲོགས་ནས་རི་ལ་ཆས་ཤིང་ཕྱི་དྲོར་བདག་པོའི་ལྷས་འདབས་སུ་ཐོན་དུས་ཨ་ཁུ་རྟ་རྒན་གྱི་ཁ་བརྡ་དང་གནའ་གཏམ་ལ་ཉན་པར་ཧ་ཅང་སྤྲོ།

ཉིན་ཞིག་གི་ཕྱི་དྲོར་བེའུ་རྒྱ་ཐོ་སྔར་ལྟར་ཨ་ཁུ་རྟ་རྒན་གྱི་གམ་དུ་སླེབས་ཤིང་། དྲི་བའི་ཚུལ་དུ་"ཨ་ཁུ་རྟ་རྒན། ཁྱོད་ལ་འཇིག་རྟེན་འདིའི་སྟེང་འགྱོད་པ་ཆེས་ཆེ་བའི་དོན་དག་ཡོད་དམ། ཡོད་ན་ང་ལ་གཅིག་གསུང་རོགས་"ཟེར་བར། རྟ་རྒན་ན་རེ་"དེ་ལོས་ཡོད། ངའི་འཇིག་རྟེན་སྟེང་འགྱོད་པ་ཆེས་ཆེ་བའི་དོན་དག་ནི་ང་མིའི་གཡོ་འོག་ཏུ་ཚུད་པ་དེ་རེད"་ཟེར་བཞིན་ཤུགས་རིང་ཞིག་འབྱིན་རྗེས། མུ་མཐུད་དེ་"གནའ་དེང་མར། ངས་བདག་པོ་ཚང་དང་ཐག་མི་རིང་བའི་ས་ན་ཞིམ་མངར་གྱི་རྩྭ་དང་མེ་ཏོག་གི་སྐྱེས་སྟོབས་འབར་ཞིང་རྫ་ཆུ་ལྷུང་ལྷུང་འབབ་པའི་ས་གནས་ལེགས་པོ་ཞིག་ཡོད་པ་རྙེད། དེ་གཞན་སུ་ལའང་མ་བཤད་པར་ནམ་རྒྱུན་རང་གཅིག་པུས་ལོངས་སྤྱོད་བྱས། ཉིན་ཞིག་སྟབས་མ་ལེགས་པར། གནས་དེ་ཤྭ་ཁྱུ་ཞིག་གིས་རྙེད་ནས་རྩྭ་ཉག་མ་གཅིག་ཀྱང་མ་བསྐྱུར་བར་ཚང་མ་བཟས་པས་ང་ཁོང་ཁྲོ་ལངས་ནས་དེ་དག་ལ་སྐྱིན་པ་ལེན་པར་དམ་བཅས། ཡིན་ནའང་དེ་དག་ཤྭ་ཁྱུ་གཅིག་ཡིན་པས་ང་དོ་ཡ་མི་ཡོང་བ་ཐག་གིས་ཆོད། སྔ་འདང་ཕྱི་འདང་གང་མང་ཞིག་བརྒྱབ་མཐར་ངས་གཞི་ནས་ཐབས་བཀོད་ལེགས་པོ་ཞིག་རྙེད་སོང་། དེ་ནི་མི་ཞིག་རོགས་པར་འབོད་རྒྱུ་དེ་རེད། ངས་མི་ཞིག་བཙལ་ནས་རོགས་སྐྱོར་རེ་ཞུ་བྱས་པར། མིས་ན་རེ་"ངས་ཁྱོད་ལ་རོགས་བྱེད་འདོད་ཀྱང་། ང་ལ་ཤྭ་བའི་འགྲོས་རྩལ་མེད་པས་རྗེས་ཆོད་དཀའ། གལ་ཏེ་ཁྱོད་ཀྱིས་རང་གི་མགོར་སྲབ་བསྐོན་དུ་བཅུག་ནས་ང་ཁུར་ཏེ་བདའ་བ་ཡིན་ན་སྐྱིན་པ་ལེན་ཐུབ་ཐག་ཆོད་ཡིན་"ཟེར། ང་ལ་གདམ་ཀ་གཞན་ཅི་ཡང་མེད་པས་དེ་ལྟར་བྱ་རྒྱུར་ཁས་བླངས་ཤིང་། མིས་ཀྱང་ཤྭ་ཁྱུ་དེ་ཚར་བཅད་ནས་ང་ལ་སྐྱིན་པ་བླངས། ཡིན་ནའང་མིས་རྗེས་སུ་ངའི་མགོའི་སྲབ་མ་བླངས་པར་མ་ཟད། ད་དུང་གཡོག་ཏུ་བཀོལ་ཏེ་ད་ལྟའི་བར་ལུས། ལ་ཐུང་ཐུང་གིས་རྟ་རྫོད་ལ། ཁྲོ་ཐུང་ཐུང་གིས་མི་རྫོད་ཟེར་བའི་དཔེ་ལྟར་ངས་རང་གི་གནས་སྐབས་ཀྱི་ཞེ་སྡང་ལ་ཚོད་འཛིན་མ་ཐུབ་པར་རང་གཞན་གཉིས་ཀ་བརླགས་པ་རེད། ད་འདང་རེ་བརྒྱབ་ན་ངོ་མ་འགྱོད་པ་སྐྱེས་ཀི་"ཟེར།

སྐབས་དེར་བེའུ་རྒྱ་ཐོས་ད་གཟོད་སྔ་མ་བདག་མོས་འོ་མ་བཞོས་པར་རང་གིས་སྐྱིན་པ་ལེན་ཆེད་བཞོ་ཟེའུ་བསློགས་པ་སོགས་སེམས་ལ་དྲན་ནས་འགྱོད་པ་སྐྱེས་ཤིང་རྗེས་མར་བྱ་བ་ངན་པ་དེ་རིགས་མི་སྒྲུབ་པའི་སེམས་ཐག་བཅད།

དུས་ཚིགས་ཀྱི་འཁོར་ལོ་བར་མེད་དུ་འཁོར་ཏེ་སྟོན་ཁར་སླེབས་ལ་ཉེ། ལོ་རེ་རེར་བེའུ་རྒྱ་ཐོའི་བདག་པོ་ཚང་ལ་དབྱར་རྩྭ་བྲེགས་ནས་ཉི་མར་སྐམ་སྟེ་དགུན་ཁའི་ཕྱུགས་ཟོག་གི་ཆས་ལ་གྲ་སྒྲིག་བྱེད་པའི་སྲོལ་ཡོད་པས་ད་ལོ་ཡང་སྔ་ལོ་ལས་མ་འདས།

བེའུ་རྒྱ་ཐོས་ནམ་རྒྱུན་ལྟར་དགའ་སྤྲོའི་རྔ་མ་མགོ་ལ་བསྒྲེངས་ཏེ་ཉིན་སྲིབ་གཉིས་ཀྱི་བར་ལ་བང་རྒྱུག་ཐེངས་ཤིག་བྱས་རྗེས། ཕྱིར་ཨ་མའི་གམ་དུ་བརྒྱུགས་ཏེ་ཨ་མར་བསྐོར་བ་ལན་འགའ་བྱས། ཉིན་དེ་ནི་ཏག་ཏག་ས་སྲོས་ཀྱི་དུས་ཤིག་ཡིན་པས་བདག་མོས་སྐབས་དེའི་གྲིབ་བསིལ་ལ་བརྟེན་ཏེ་ཟོར་བས་སྔོ་རྩྭ་འབྲེག་པར་རྩོམ།

བདག་མོས་ཟོར་བ་གཉིས་ལས་ལག་ཏུ་འཛིན་བདེ་བའི་ཟོར་བ་ཟད་པོ་དེ་ཡར་བླངས་ནས་གམ་གྱི་བརྡར་རྡོ་དེར་ཐེངས་འགར་བརྡར་བར། ས་ན་ལུས་པའི་ཟོར་བ་ལྗིད་ལྟིག་བཙའ་ཆགས་པ་དེས་ཟུར་ཟའི་ཁོང་དགོད་དང་བཅས་ཧ་ཅང་གདེང་ཚོད་ཡོད་པའི་ངང་ཟོར་བ་ཟད་པོར་"ཁྱོད་འདི་ངོ་མ་གློའུ་ཟེར་བ་རེད། ཁྱོད་ཇི་ལྟར་རྡོ་ལ་བརྡར་ན་དེ་ལྟར་ཟད་ཅིང་འཇིག་རྟེན་འདིའི་སྟེང་འདུག་པའི་ཚེ་ཚད་ཀྱང་དེ་ལྟར་ཐུང་བ་མིན་ནམ། ཁྱོད་ཀྱིས་ང་ལ་གཅིག་ལྟོས་དང་། གཏན་ནས་བརྡར་མ་མྱོང་བས་ངའི་ཚེ་ཚད་ཁྱོད་ལས་རིང་བ་ཐག་གིས་ཆོད་"ཟེར།

ཟོར་བ་ཟད་པོས་དེར་མ་རངས་པའི་ཉམས་ཅི་ཡང་མི་སྟོན་པར་ན་རེ་"ཁྱོད་རང་བརྡར་ནས་ཟད་པར་མི་དགའ་བར་མ་ཟད། རྡོ་ལ་བརྡར་བར་ཡང་མི་འདོད་ན། ཁྱོད་ཀྱི་རྣོ་ཡལ་ནས་རང་གི་ལྷན་སྐྱེས་ཀྱི་བྱེད་ནུས་ཏེ་རྩྭ་ཡང་འབྲེག་མི་ཐུབ་ཅིང་མཐའ་མར་སྤྱོད་ནུས་མེད་པའི་གད་སྙིགས་ཀྱི་དངོས་པོ་ལྷག་མ་ཞིག་ཏུ་འགྱུར་བར་གདོན་མི་ཟ། སྐབས་དེར་ཁྱོད་ཀྱི་ཚེ་ཇི་ལྟར་རིང་ཡང་སྡུག་བསྔལ་སྒྱེ་གང་ལས་དགའ་སྤྲོ་སྤུ་ཙམ་ཡང་མེད་པས། ཁྱོད་རང་གསོན་པ་དང་མ་གསོན་པར་ཁྱད་པར་སྤུ་ཙམ་ཡང་མེད། དེ་ལྟ་བུ་ཞིག་ཏུ་འགྱུར་བ་ལས་ངས་རང་གི་བྱེད་ནུས་བཏོན་ཏེ་ཟད་ན་ལེགས་"ཟེར།

བེའུ་རྒྱ་ཐོས་ཟོར་བ་དེ་གཉིས་ཀྱི་གླེང་མོལ་ཐོས་པས་རེ་ཞིག་ཧ་ལས་ཤིང་ཧོན་ཐོར་ལ། དེ་ནས་མི་ཞིག་འཇིག་རྟེན་འདིའི་སྟེང་གསོན་དགོས་ན། ངེས་པར་སྤྱི་ཚོགས་དང་མི་གང་རུང་ལ་ཕན་བདེ་དང་བྱས་རྗེས་བཞག་སྟེ་རང་གི་རིན་ཐང་མངོན་འགྱུར་བྱ་དགོས་པའི་གནས་ལུགས་ཤེས་ལ། རྩྭ་དང་མེ་ཏོག་གིས་འཇིག་རྟེན་ལ་གསོན་ཤུགས་སྦྱིན་པ་ནང་བཞིན་བྱ་དངོས་ཡོད་ཚད་ལ་རང་རང་གསོན་པའི་བྱེད་ནུས་རེ་ཡོད་པའི་བློ་བསྐྱེད་ཀྱང་ཐོབ་བོ།།

  • ལེ་ཚན་སྔོན་མ།:ཨ་ཕྱི་མ་གཅེས་མ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།