སྙིང་ཉེ་ལགས།

འབྲོག་སྨྱུག་གྲོལ།        2022-03-14

མུན་ནག་གི་མཚན་ལྗོངས་འདིར།

དུང་མདོག་གི་ཟླ་བ་མེད་ལ་སྐར་ཚོགས་ཀྱང་དབེན།

ངས་ཚོར་བ་ནི་གྲང་ཤུར་ཤུར་གྱི་རླུང་བུ་ཞིག་དང་།

འབྲོག་ཁྱི་རྒྱ་བོའི་ཟུག་སྐད་ལས་མ་འདས།

སྙིང་ཉེ་ལགས།

མལ་གདན་དྲོན་མོ་ལས་མནོ་བསམ་གཏོང་ཚེ།

ངའི་དོན་ལྔ་སྣོད་དྲུག་ན་རྒྱུ་བ་ནི་ཁྱེད་ཉིད་གཅིག་པུ།

ངའི་ལུས་ངག་ཡིད་གསུམ་ན་དྲན་པ་ནི་ཁྱེད་རང་ཁོ་ན།

མདོར་ན་དྲན་པ་ཁྲི་ཕྲག་གི་བར་ན་ཁྱེད་ཉིད་རྐྱང་རྐྱང་།

སྙིང་ཉེ་ལགས།

སྙིང་གཏམ་གང་མང་ཞིག་བསྙད་ན་རྙོག་འགྲོ

སྐུད་པ་རིང་བོ་ཞིག་འཁེལ་ན་ཆད་འགྲོ་ཟེར་བ་ལྟར།

ཡོད་ཚད་འདིར་འབྲི་དགོས་དོན་མེད་ལ།

བྲིས་ཀྱང་འདི་འདྲ་ཞིག་གིས་རྫོགས་མི་ནུས།

སྙིང་ཉེ་ལགས།

ཁྱེད་དང་ངེད་གཉིས་བར་ཐག་རི་ཆུ་སྟོང་གིས་བཅད་ཀྱང་།

འཇིག་རྟེན་ལས་དབང་དམར་པོ་ལ་སྙིང་རྗེ་ལྡན་ན།

མི་ཁ་རླུང་ནག་བཙན་པོ་ལ་སྐྲག་དོན་མི་འདུག

ངེད་གཉིས་འཕྲད་པ་འདི་ཡང་རྒྱུ་འབྲས་ལོས་ཡིན།

སྙིང་ཉེ་ལགས།

བློ་རྩེ་གཉིས་ཀྱིས་དོན་མི་འགྲུབ།

ཁབ་རྩེ་གཉིས་ཀྱིས་འཚེམ་མི་ཡོང་ཟེར་བ་བཞིན།

ཁྱེད་ཉིད་ཀྱིས་མི་དྲན་དགུ་དྲན་མ་བྱེད་རོགས།

ང་ཁྱེད་ལ་དུངས་བ་ནི་འུ་གཉིས་མ་གཏོགས་ཤེས་མཁན་མེད།

སྙིང་ཉེ་ལགས།

ཁྱེད་ཀྱི་གཤིས་རྒྱུད་གཡང་དཀར་བལ་ལས་འཇམ།

ང་རང་དགའ་ལ་དུངས་ཀྱང་དུངས།

ནམ་ཡང་དགའ་ལ་རྟག་ཏུ་དུངས།

འདི་ནི་འགྱུར་མེད་རྒྱབ་རི་བརྟན་པོ་ལགས།

  • ལེ་ཚན་སྔོན་མ།:མེ་ལོང་སྨེང་བ།
  • ལེ་ཚན་རྗེས་མ།:ཁྱོད་ལ་བསྐུར་བའི་འཕྲིན་མཆིད།