ཁྱོད་ལ་བསྐུར་བའི་འཕྲིན་མཆིད།

ཤེས་རབ་འོད་ཟེར།        2022-03-14

འདི་ནས་བུད་འགྲོ་མ་ཟེར་སྒྱུ་མའི་སྙིང་།།

ལས་ཀྱི་དུར་བྱང་ངོས་སུ་ཆར་བ་བབས།།

རླུང་གི་གར་རས་དབུང་དུ་རྨི་ལམ་མཁྱུད།།

སང་ཉིན་ཞེས་པའི་གསེར་རྡོ་འོད་ལམ་ལམ།།

འདི་ནས་བུད་འགྲོ་མ་ཟེར་སྒྱུ་མའི་སྙིང་།།

ཚོར་བ་དབྱངས་ལ་སྦྱར་ན་སྙན་ངག་རེད།།

མེ་ལོང་ཆུ་ལ་བཀྲུས་ནའང་སྙན་ངག་རེད།།

ཁྱོད་ཀྱིས་ཕལ་བའི་རྣམ་ཤེས་མ་འདེད་དང་།།

འདི་ནས་བུད་འགྲོ་མ་ཟེར་སྒྱུ་མའི་སྙིང་།།

བྱ་བརྒྱའི་གཤོག་རྩལ་རྣོན་མོས་མཁའ་དབྱིངས་ཕུག།

ཆུ་འཛིན་དཀར་རོ་ཐམས་ཅད་རྡུལ་དུ་བབས།།

ད་དུང་སང་ཉིན་ཞེས་པ་གཙང་བཞེས་བྱེད།།

འདི་ནས་བུད་འགྲོ་མ་ཟེར་སྒྱུ་མའི་སྙིང་།།

ཉི་མ་དྲོན་མོར་འཁོར་ཞིང་ནམ་ཟླ་ལེགས།།

རི་གྲོང་འགྲེ་ལོག་བརྒྱབ་པའི་མདངས་ཤ་རུ།།

བུང་བ་བྱམས་བྱམས་དག་ཀྱང་ཟང་ཟིང་བྱེད།།

འདི་ནས་བུད་འགྲོ་མ་ཟེར་སྒྱུ་མའི་སྙིང་།།

ངོ་པགས་གཉུག་མ་འདར་བའི་གཤོག་ལྷེ་རུ།།

གཙང་བོ་ཤག་ཤག་འབབ་བའི་གླུ་ཡང་འཁྱིལ།།

ས་འཛིན་མགྲིན་པ་བརྣངས་པའི་མཆི་མ་ཟགས།།

འདི་ནས་བུད་འགྲོ་མ་ཟེར་སྒྱུ་མའི་སྙིང་།།

བརྩེ་དུང་ཉིས་ཤད་རྫ་དང་བྲག་ཏུ་ཐིམས།།

ཕོ་བྲང་དམར་པོ་ཚོགས་ཀྱི་རྐང་རྗེས་སུ།།

ཡིག་འབྲི་དོས་པ་དག་གིས་ཀི་རིང་འདེབས།

འདི་ནས་བུད་འགྲོ་མ་ཟེར་སྒྱུ་མའི་སྙིང་།།

རབ་བྱེད་མགོ་ཡུ་འཁོར་བའི་ཡུལ་ལྗོངས་སུ།།

སྤོས་དྲི་སྣ་མ་སྣ་དགུ་དོབ་དོབ་ངང་།།

ལྐོག་ལྐོག་སུད་སུད་ཕལ་བའི་སྐད་དུ་འཛུལ།།

འདི་ནས་བུད་འགྲོ་མ་ཟེར་སྒྱུ་མའི་སྙིང་།།

སྐུད་པས་མགོ་ལྕོག་ལྡེམ་ལྡེམ་བྱེད་ཀྱང་བྱེད།།

ཞྭ་མོ་རང་སྣང་མཐོ་བའི་རྐང་བྲོ་རུ།།

ཁྱོད་ཀྱི་མིང་དུ་འཚང་བའི་རྣམ་ཤེས་འཇམ།།

འདི་ནས་བུད་འགྲོ་མ་ཟེར་སྒྱུ་མའི་སྙིང་།།

རུས་རྐང་རེ་རེ་སོམ་ཉི་རེ་རེ་བཞིན།།

མཚན་ཕྱེད་དལ་དལ་ཁོལ་བའི་ཆུ་དྲོད་དུ།།

ཁ་ཐུམ་གྱོན་པའི་ལན་བུ་དྭངས་མར་འཕྱང་།།

  • ལེ་ཚན་སྔོན་མ།:སྙིང་ཉེ་ལགས།
  • ལེ་ཚན་རྗེས་མ།:མཆོང་རི་སྨུག་པོར་འཐིབས་པའི་སྨུག་པ།