སྟོན་ཁ་འབྲེལ་བའི་སྒྲུང་།

དབང་དྲག་སྐྱབས།        2022-03-16

རླུང་བུ་གཡུག་བྱུང་འདབ་ལོ་ས་ལ་འཐོར། །

སྙིང་དུ་རྗེ་བའི་འདབ་མ་གང་སར་སྤུར། །

ཚེ་སྲོག་འགག་པའི་སྒྲ་དབྱངས་རིམ་བཞིན་ཐོས། །

ཁྱོད་རང་དྲན་པའི་ན་ཟུག་རབ་ཏུ་ལྕི། །

ཡང་བསྐྱར་རྨ་ཆུའི་འགྲམ་གྱི་ཁུགས་མགོ་རུ། །

བརྗེད་པ་མེད་པའི་མིག་ཆུ་འཐོར་བ་དྲན། །

ཉི་མར་ཁ་གཏད་བྱས་ནས་ཁྱོད་རང་སྒུག །

སེ་གོལ་བརྡབས་པ་ཙམ་གྱིས་ལོ་ཟླ་ཡལ། །

ཕྱིར་དྲན་ལྷོང་གི་ན་ཟུག་རབ་ཏུ་ལྕི། །

སུས་ཀྱང་མི་ཤེས་སྙིང་གི་ན་ཚ་འདི། །

སྐྱོང་གདུང་ལྷན་དུ་ཤོག་བུའི་ངོས་ལ་བཀོད། །

སྟོན་རླུང་གཡུག་བྱུང་ཁྱོད་རང་གང་དུ་ཡོད། །

སྤྲིན་དཀར་ལེབ་མོ་ཁྱོད་ཕྱོགས་དལ་གྱིས་རྒྱུ། །

ངས་ཁྱོད་དབྱངས་ཀྱི་སྐུད་པ་ནག་པོ་ཞིག །

སྐྱོ་གདུང་དང་བཅས་ཁྱོད་ཀྱི་ཕྱོགས་སུ་སྤྲིངས། །

ལས་ཀྱི་ཨང་གི་གྲངས་ཀ་མ་འགྲིགས་ཀྱང་། །

འཇིག་རྟེན་འདི་ནས་བརྗེད་མེད་བག་ཆགས་བཞག །

ནམ་ཞིག་ཉི་མ་དམར་ཐག་ཆོད་ཉིན་ལ། །

དྲན་པའི་དབུས་ཀྱི་ཐོ་ཡིག་ནག་པོའི་ནང་། །

ཡལ་མེད་སེམས་ཀྱི་ཐ་སྙད་ཁྱོད་ཀྱིས་མཚོན། །


  • ལེ་ཚན་སྔོན་མ།:མཆོང་རི་སྨུག་པོར་འཐིབས་པའི་སྨུག་པ།
  • ལེ་ཚན་རྗེས་མ།:དུས་ཀྱི་རང་མདངས་སྟོན་པའི་སྣང་བརྙན།