དུས་ཀྱི་རང་མདངས་སྟོན་པའི་སྣང་བརྙན།

དབང་དྲག་སྐྱབས།        2022-03-16

འཇིག་རྟེན་འདོད་པའི་ཆང་གིས་ར་རོར་གྱུར། །

འཚོ་བའི་འཁྱག་སྒམ་ནང་ནས་འཚོ་བརྩིས་རོལ། །

བརྩི་ཐང་ཆེ་བའི་མི་ཚེ་རླུང་ཁར་ཟད། །

ལུས་ཀྱི་ཀོ་གྲུ་དོན་མེད་ཆུད་ཟོས་གྱུར། །

དུས་ཀྱི་མདའ་རྩེ་སྐད་ཅིག་མི་སྡོད་རྒྱུགས། །

ང་ཚོ་ཤ་ཁྱིས་དེད་པའི་རི་དྭགས་བཞིན། །

མ་རིག་མ་གོ་མ་ཤེས་གཞན་དབང་ངང་། །

ཚེ་ཡི་སྐུད་པ་ཡེངས་མ་ལམ་ནས་ཟད། །

དཀར་དམར་ཚོན་གྱིས་བྲིས་པའི་རི་གྲོང་ནས། །

ངོས་འཛིན་མི་གཅིག་རིན་ཐང་སྣ་ཚོགས་ཀྱང་། །

མཐར་ཐུག་ལྟ་བའི་ལམ་ཁ་མི་གཅིག་པས། །

མི་ཚེའི་སྙིང་པོ་ལ་ཡང་དེ་ལྟར་རོ། །

ཡོད་ཚད་ལས་ཀྱིས་བཀོད་སྒྲིག་མ་ཡིན་ཡང་། །

འདི་སྣང་ལས་ཀྱིས་བསྐྲུན་པ་ལྡོག་ཏུ་མེད། །

འཁྲུལ་སྣང་སྒྱུ་མའི་གར་སྟེགས་ཆེན་མོ་འདིར། །

ང་ཚོ་གདོང་འབག་གྱོན་པའི་གར་མ་ཡིན། །

རྨི་ལམ་རིང་མོ་རྒྱང་རིང་ཕྱོགས་སུ་འཐེན། །

ཨམ་གཙིག་བསྡམས་ནས་གོམ་གང་མདུན་དུ་སྤོས། །

དམིགས་པའི་གནས་དེར་སླེབས་མིན་ཅི་ཆ་ཡང་། །

དམ་ཚིག་སེམས་ལ་བཅངས་ནས་ཤུགས་ཀྱིས་བསྐྱོད། །

འུར་ཟིང་ཆེ་བའི་མི་ཡི་ཡུལ་གྲུ་འདིར། །

ལས་ཀྱིས་འཕངས་ནས་ད་ངོགས་མགྲོན་པོར་ཆགས། །

འཚོ་བས་བཙིར་གནོན་མི་ཡི་གནོན་ཤུགས་ཀྱིས། །

ངམ་ནག་རབ་ཁ་བརྒལ་ནས་ཡང་སྙིང་འཚོལ། །

མི་ནི་མི་བརྟན་བྱེ་མའི་འཆིང་བུ་སྟེ། །

སེམས་ནི་མི་བརྟན་རླུང་ནང་བྱ་སྒྲོ་བཞིན། །

སྒང་གཤོང་མང་བའི་འཁོར་བའི་ཐང་ཆེན་ནས། །

ག་ནས་འདི་འགྲུབ་མེད་པར་རྒྱུག་ལ་ལྟོས། །

ཉི་མའི་འོད་སྣང་གླིང་བཞིར་ཁྱབ་ན་ཡང་། །

དཀའ་སྡུག་མིག་ཆུའི་ཐིགས་པ་འཐོར་དུས་སུ། །

རང་གིས་རང་ཉིད་མགོན་སྐྱབས་མ་བྱས་ན། །

ནམ་མཁའི་འོད་སྣང་ཞིག་གིས་ཅི་ཞིག་ཕན། །

འདི་སྣང་རྨི་ལམ་ཡིན་པ་མི་ཤེས་པས། །

བདེ་སྡུག་ཆུ་ཡི་གཉེར་མ་ཤིག་ཤིག་གཡོ། །

ལས་ཀྱི་གྲིབ་མ་རང་དང་འབྲེལ་ན་ཡང་། །

རང་ངོ་རང་གིས་མ་ཤེས་འོ་བརྒྱལ་མྱོང་། །

འདི་སྣང་འཁོར་བའི་ཐང་ལ་ཟད་མཐའ་མེད། །

ང་ཚོ་དེ་རུ་རྒྱུགས་པའི་ཅང་ཤེས་རྟ། །

རྔུལ་ནག་ཐིགས་པ་ས་ལ་འཐོར་བཞིན་དུ། །

རྨིག་རྗེས་རླུང་གིས་སྐྱོད་ཀྱིན་དེ་རུ་རྒྱུག །

ཕྱི་ནང་སྣོད་བཅུད་ཚང་མ་སྐད་ཅིག་ལ། །

མི་སྡོད་དུས་ཀྱི་གློག་གིས་ཟ་བཞིན་འདུག །

ཉིན་རེར་ཞག་རེར་སོང་གིན་འཆི་བ་ཡི། །

རྗེས་སུ་རྒྱུག་པའི་མགྲོན་པོ་དབང་མེད་ཡིན། །

འདི་ལྟར་སྨྲས་ཚེ་མི་རྣམས་ཚིག་པ་ཟ། །

བདེན་པའི་གཏམ་ལ་རྣ་བ་གླགས་མཁན་མེད། །

ད་ལྟའི་མིག་སྔུན་རི་མོར་བདེན་བཟུང་ནས། །

ལུས་སེམས་ངལ་བས་གདུང་སྟེ་བྲེལ་ལ་ལྟོས། །


  • ལེ་ཚན་སྔོན་མ།:སྟོན་ཁ་འབྲེལ་བའི་སྒྲུང་།
  • ལེ་ཚན་རྗེས་མ།:རི་འདབས་ཀྱི་སྨུག་པ།