ཨ་མའི་ལག་པ།

མཁའ་འགྲོ་ཚེ་རིང་།        2022-03-25

དེང་རབས་བོད་ཀྱི་རྩོམ་རིག་དཔེ་ཚོགས་ལ་རིགས་སྣ་མང་པོ་ཡོད་པ་དཔེར་ན་སྙན་ངག་དང་བརྩམས་སྒྲུང་།ལྷུག་རྩོམ་སོགས་ལ་དབྱེ་བ་འདྲེན་པ་དང་།དེབ་ཚོགས་དེ་དག་ཀྱང་ད་ལྟའི་སྤྱི་ཚོགས་ན་རྒྱུག་ཆེ་བའི་རྐྱེན་དང་ལྷན།ངས་ཀྱང་ད་ལོའི་གུང་གསེང་གི་དུས་ཚོད་ཐུང་ངུ་འདི་སྤྱད་ནས་དེང་རབས་བོད་ཀྱི་ལྷུག་རྩོམ་གསར་བའི་དེབ་ཕྲེང་གི་ནང་གསེས་ཏེ།རྒན་བདེ་སྐྱིད་སྒྲོལ་མ་ལགས་ཀྱིས་བརྩམས་པར་མཛད་པའི<<ཨ་མའི་ལག་པ>>ཟེར་བ་དེ་བཀླགས་པ་ཡོངས་སུ་གྲུབ་པ་ལགས་སོ།

ཨ་མའི་ལག་པ་ཞེས་པའི་ལྷུག་རྩོམ་གྱི་དཔེ་དེབ་འདིའི་རྩོམ་པ་པོ་ནི་རྒན་བདེ་སྐྱིད་སྒྲོལ་མ་ལགས་ཡིན།མོ་ལགས་ནི་རྨ་ལྷོ་སོག་རིགས་རང་སྐྱོང་ལྗོངས་ཀྱི་མི་ཡིན་ལ།དུས་རབས་འདིར་སླེབས་མ་སླེབས་ཀྱི་བར་སྐབས་ཙ་ན་ནུབ་བྱང་མི་རིགས་སློབ་ཆེན་ཀྱི་མི་རིགས་དགེ་འོས་སློབ་གླིང་གི་ཀྲུང་གོ་གྲངས་ཉུང་མི་རིགས་བོད་རིག་པའི་བརྡ་སྤྲོད་དང་རྩོམ་རིག་སྡེ་ཁག་ནས་དངོས་གཞི་སློབ་མ་མཐར་ཕྱིན།ད་ལྟའི་བར་བརྩམས་ཆོས་ལ<<ཆར་ཟམ་ཟིམ།སྨུག་ལང་ལོང་།>><<སྙན་ངག་གི་མིག་ཆུ།>><<རྩྭ་ཐང་གི་བརྩེ་བ>>སོགས་མང་ལ།ཁོ་རང་སྐྱེས་ས་སྐྱེས་ཡུལ་དང་ནར་སོན་ས།ཐ་ན་སློབ་ཆེན་ལ་སོགས་པའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་འགྲིམས་ས་ཡང་བོད་རིགས་མང་བའི་ས་དང་འབྲོག་ས་དང་འབྲེལ་བས།ཁོ་མོའི་འཚོ་བའི་གོམས་གཤིས་དང་འགྲོ་འདུག་སྤྱོད་གསུམ་སོགས་ལ་བོད་རང་དང་ཡང་ན་འབྲོག་པའི་འཚོ་བའི་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་པས་ན།བརྩམས་ཆོས་མང་པོའི་ནང་དོན་ཕལ་མོ་ཆེ་ཡང་འབྲོག་པའི་འཚོ་བ་དང་ཧ་ཅང་འབྲེལ།

<<ཨ་མའི་ལག་པ>>ཟེར་བའི་དཔེ་དེབ་འདིའི་སྒྲིག་གཞིའི་ཐད་ནས་བཤད་ན།དཔེ་དེབ་འདི་སློབ་ཚན་བཅུ་བདུན་ཁ་ལྷག་གིས་གྲུབ་ཅིང་།ཁྱོན་བསྡོམས་ཤོག་ངོས་བརྒྱ་དང་གྱ་བདུན་ཡོད།མདུན་ཤོག་ནི་མདོག་དཀར་པོའི་ནང་སྐྱ་བོའི་ལྷད་ཅུང་ཙམ་འདྲེས་མ་ལྟར་ཇུས་འགོད་བྱས་ཡོད་པར་མ་ཟད།དཔེ་དེབ་ཀྱི་ཅུང་མཐོ་བའི་གནས་ནས་སྔ་གཞུག་བར་ལི་སྨི་གསུམ་བཞི་ཙམ་ལ་མདོག་ཁམ་སྐྱའི་ཐིག་ཅིག་བརྒྱབ་ཡོད་ལ།དཔེ་དེབ་མདུན་གྱི་ཁམ་སྐྱའི་ཐིག་ཕྲེང་ནང་སྣག་ཚ་ནག་པོས།<<ཨ་མའི་ལག་པ>>ཞེས་ཅུང་ཆེན་པོར་བྲིས་འདུག་ལ།རྒྱབ་ཀྱི་མདོག་ཁམ་སྐྱའི་ཐིག་ཕྲེང་ནང་།ཞིང་འབྲོག་པའི་རིག་མཛོད་ཟེར་བ་ཞིག་བྲིས་ཡོད་ལ།ཆེས་ཞབས་སུ་རྩད་གཉིས་ཨང་ཞིབ་གཅིག་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་དཔེ་རྟགས་དཔར་འདུག། མདུན་ཤོག་གི་ཐིག་ཕྲེང་ཁམ་སྐྱའི་འགབ་མར།བྱུ་རུའི་མེ་ཏོག་ཅིག་དཔར་འདུག་པ་དེས་ཀྱང་།བདག་དཔེ་དེབ་འདི་ལ་འཇུག་འདོད་ཀྱི་ཧམ་སེམས་མེ་ལྕེ་ལྟར་ཡར་ལ་འཕྱོ་བར་བྱས།

<<ཨ་མའི་ལག་པ>>ཟེར་བའི་དཔེ་དེབ་འདིའི་སློབ་ཚན་དང་པོ་ནི་ཨ་མའི་ལག་པ་ཡིན་པས།ཨ་མའི་ལག་པ་བཀླགས་གྲུབ་རྗེས་ངས་དཔྱད་བརྗོད་ཙམ་སྤེལ་བ་ནི་འདི་ལྟར་ཏེ།

སློབ་ཚན་འདི་ནི་ཚིག་ལྷུག་གི་རྩོམ་སྟངས་ཡིན་པ་གོང་དུ་སྨྲས་ཟིན་པས།ཐོག་མར་ཁ་བྱང་ལ་འགྲེལ་ན།ཨ་མའི་ལག་པ་འདི་ཐ་སྙད་དམ་མིང་ཚིག་གཉིས་སུ་དབྱེ་ཆོག་པར་སེམས།ཨ་མ་ནི་གཅིག་དང་ལག་པ་ནི་གཉིས་སོ།ཨ་མ་ནི་མི་བུ་སུ་དང་གང་གི་ཚེ་སྲོག་གི་མྱུ་གུ་འབུས་པའི་བརླན་ས་ཡིན་པས་རྒྱུས་མངའ་མེད་པ་ཞིག་མིན་པར་ཚང་མར་རྒྱུས་ཆེ་ལ།ལག་པ་ནི་ལུས་ཀྱི་ཡན་ལག་ཡིན་པས་ང་ཚོའི་སེམས་སུ་འཁྲུལ་མེད་མངའ་བ་ཞིག་ཅི་ལ་མིན།ཡིན་ཡང་རྩོམ་པ་པོས་ཉེ་འཁོར་གྱི་མི་བུ་བརྒྱའི་ནང་ནས་གདམ།སྟོང་གི་ནང་ནས་སེལ་བ་ནི་མི་བུ་གཞན་མིན་པར་ཨ་མ་ཡིན་པ་དང་།ཨ་མའི་ལུས་ཀྱི་ཡན་ལག་གཞན་མ་བྲིས་པར་ལག་པ་བྲིས་པ་འདི་ཅིའི་ཕྱིར་ཡིན་ཟེར་ན།རྒྱུ་མཚན་ནི་ཨ་མའི་ལག་པ་འདི་ཡང་འབྲོག་ལས་བྱེད་པར་ཐད་ཀར་འབྲེལ་བས།ཨ་མའི་ལག་ཟུང་དེ་བྲིས་པ་ནས་འབྲོག་པའི་འཚོ་བའི་གྲུ་ཟུར་ཞིག་གམ།འབྲོག་པའི་ཨ་མ་ཞིག་དང་།ཡང་ན་འབྲོག་པའི་ཨ་མ་ཞིག་གི་ལག་པའི་ལས་དབང་བརྗོད་ཡོད་པ་ལགས་སོ།

སློབ་ཚན་འདིའི་མགོ་ནས་ཨ་མས་བཤད་ན་ཟེར་བའི་སྐད་ཆ་བྲིས་ནས་རྩོམ་ཡིག་གི་མགོ་བརྩམས་པ་ནི་ལུང་འདྲེན་པ་ཡིན་ཡང་།ཤུགས་ནས་ཐོག་མ་ཉིད་ནས་བཟུང་རང་ཉིད་ཀྱི་རྩོམ་ཡིག་འདི་ལ་བདེན་པའི་རྒྱབ་བཅོལ་ས་ཡོད་པར་གྱུར་པ་དང་།ཨ་མའི་སྐད་ཆ་ཐོས་རྗེས་རྩོམ་པ་པོ་རང་ཉིད་ཀྱི་ཡིད་ལ་རྟོག་འཆར་རམ་འཆར་ཡན་གྱི་ཕྱུག་པ་ནི་བྱིས་པ་མ་འབྱར་ཞིག་མ་མ་གང་ལགས་ཀྱིས་ལག་ཟུང་གིས་མཐོ་རུ་འདེགས་བཞིན་པའི་སྣང་བརྙན་ཡིན་ལ།དེ་བྲིས་པ་དེ་ཡིས་ཨ་མ་གང་ཞིག་གི་བྱིས་པ་གང་ཞིག་གི་གཉོར་སྐྱོང་གི་ཚུལ་བརྗོད་ཡོད།དཔེར་ན།ལག་མགོའི་མཆོད་པ་ལྟ་བུ་རུ་སྣང་།ཚན་པ་འགབ་མའི་མགོ་བརྩམས་པ་ནས་བཟུང་བརྗོད་པ་ནི།རྩོམ་པ་པོ་རང་ཉིད་ཀྱིས་རང་ཉིད་ཀྱི་དྲན་གསལ་མེ་ལོང་ངོས་ན་གསལ་བའི་རང་ངོས་ནས་བྱུང་བའི་དོན་དག་བརྗོད་པ་ཡིན་པ་རེད།དེ་ལྟར་འབྲི་དོན་ནི་ཀློག་པ་པོའམ་ལྟ་མཁན་གང་ཞིག་དགའ་བའམ་དད་པའི་ཚུལ་དུ་རྩོམ་ཡིག་ཧྲིལ་བོར་ཀློག་འདོད་ཀྱི་འདུན་པ་སྐྱེས་ཆེད་ཡིན་པ་ཕྲན་ལྟ་བུས་བརྗོད་མ་དགོས།

དངོས་བྱུང་དོན་དག་དེ་ནི་“ང”དང་ཨ་མའི་བར་བྱུང་བ་ཞིག་ཡིན་ལ།ལྷག་པར་དུ་གསལ་བ་ནི་ང་དང་ཨ་མའི་ལག་པ་ཟེར་བའི་ཐ་སྙད་དེ་དག་རེད།དེ་ལས་དོན་དག་དེ་བྱུང་དུ་འཇུག་མཁན་གཙོ་བོ་ནི་ཨ་མ་ཡིན་པ་ལ།ཨ་མའི་ལག་པ་ཟུང་རེད། རྩོམ་པ་པོས་མཚམས་དེ་ནས་ཨ་མའི་ལག་པ་དེ་མངོན་གསལ་དུ་བསྟན་ཡོད་པ་དཔེར་ན།ཨ་མའི་ལག་པའི་བྱེད་ནུས་དང་།བྱ་བ།འཇིགས་མེད་སྙིང་སྟོབས།དུས་བཞིའི་ཁ་མདོག་སོགས་བྲིས་ཡོད།འདི་ལྟར་བཞིགས་ན་འདི་ནི་ཕུལ་བྱུང་ལྷུག་རྩོམ་་གྱི་འབྲི་སྟངས་ལྔ་བའི་ནང་གསེས་ཇི་བཞིན་གསལ་ལེར་ཡོད་པ་འདི་ལྟར་ཏེ།ཐོག་མར་སྤྱི་ནས་མི་བུ་གང་ཞིག་གི་ཨ་མ་བྲིས་པ།གཉིས་ནས་རང་གི་ཨ་མ་བྲིས་པ།རྗེས་སོར་རང་གི་ཨ་མའི་ལག་པ་བྲིས་པ།མཐའ་མར་རང་གི་ཨ་མའི་ལག་ཟུང་གི་ཁྱད་ཆོས་བརྗོད་པ། བར་སྐབས་འདི་ནས་ཁག་དང་པོ་ཚར་སོང་བས་འདོད།

ཁག་གཉིས་པ་ཡི་བར་མཚམས་འདིར་སླེབས་དུས།ཀློག་པ་པོའམ་ལྟ་མཁན་སུ་ཡིན་ཡང་།ཆད་སྣང་ཙམ་ཡིད་སེམས་ཀྱི་རི་མོར་འཆར་སྲིད་པས།རྩོམ་པ་པོས་སྐད་ཆའི་གླེང་གཞི་གཞན་ཞིག་དུ་སྒྱུར་བྱེད་ནི་བར་བཅུག་གི་དགོད་གཏམ་ཞིག་བྲིས་པ་ཡོད་ལ།དེ་ནས་ཡང་བསྐྱར་ཨ་མའི་ལག་པའི་བྱ་བ་བརྗོད་ཡོད་པ་ནི་ཆུ་འབུད་རྒྱུ་དང་།མར་ཕྱུར་ཤ་ཁྲག་ནང་གི་ཨ་མའི་ལག་ཟུང་དེ་ལར་རེར་རྩོམ་པ་པོས་སེམས་ཁམས་ཙམ་བྲིས་ཡོད་པ་ནི་དམར་འགྱིང་འགྱིང་། བཀྲག་མདམས་རབ་ཏུ་རྒྱས་པ། མི་གཙང་བའི་བྲད་ཤུལ་འདུག་པ། ས་ལག་འཇིམ་ལག་ས་འདམ་ཀྱི་བཟོས་པ་ལྟ་བུ་ཟེར་བཞིན་བྱིས་བློ་ཙམ་མམ་འུད་བརྗོད་ཀྱིས་བྲིས་ཡོད།ཨ་མའི་ལག་པ་དེར་ལྕི་དྲི་དང་ཕྱེ་དྲི།ཁྲག་དྲི།ས་དྲི་སོགས་ཀྱིས་བརྒྱན་པ་དེ་སྤྱིར་ཡིན་ན་ཐན་དྲི་ཞིག་ཡོད་མོད།འོན་ཀྱང་རྩོམ་པ་པོས་དྲི་མ་སྣ་ཚོགས་དེ་དག་གིས་སེམས་ཁམས་དང་འཚོ་བའི་ཞིང་ཁམས་ཀུན་ལ་གཙང་སེལ་གནང་བཞིན་ཡོད་ཟེར་བ་ལས།ཤུགས་ནས་རྩོམ་པ་པོས་རང་གི་ཨ་མ་ནི་འབྲོག་མོ་ཞིག་ཡིན་པ་དང་།ཨ་མའི་ལག་པ་ཡིས་རང་ཉིད་གཉོམ་ལག་རྒྱས་པའི་གོ་སྐབས་བསྩལ་བ་བརྗོད་ཡོད་པ་ལགས་སོ། མདོར་ན་རྩོམ་འདིར་ཨ་མ་ནི་ང་ཚོའི་ཚེ་སྲོག་གི་མ་གཞིའི་གཞུང་རྐང་ཡིན་ལ།ཨ་མའི་ལག་པ་ནི་གཞུང་རྐང་དེ་ཐོག་གི་འདབ་མ་རེ་རེ་ཡིན།སྤྱི་འགྲོས་ལྟར་ན་ཨ་མ་ལག་པ་བསྡུས་ན།ཡལ་འདབ་ཡོད་པའི་ལྗོན་པ་ཞིག་རེད།དེ་ཡིས་ངའི་ལུས་ལ་འཇིགས་རུང་གི་ཉི་ཟེར་ཕོག་པ་འགོག། ལྟས་ངན་གྱི་རླུང་ནག་འཚུབ་མའི་རླུང་གཤོག་གཅོད།འདི་ལྟར་ན་ཨ་མ་ནི་ལྟོ་བ་གསོ་བའི་ཤ་མར་ཐུད་གསུམ་ཡིན།ལྟོ་བར་འཕྲོད་ལ་ཁ་ལ་ཞིམ། ང་ཚོས་གྲོན་ཆུང་དང་གཅེས་སྤྲས།གཅེས་འཛིན་བྱེད་འོས།དེ་བས། ཨ་མའི་ལག་པ་ནི།དཀའ་སྡུག་གི་མེ་འོབས་སུ་ཅི་བྱ་གཏོལ་མེད་དུ་འགྱུར་སྐབས་རོགས་རམ་གྱི་ལག་པ་སྐྱོང་མཁན་ཁོ་ནར་ཟད།

  • ལེ་ཚན་སྔོན་མ།:བདག་གི་འཛིན་བདག་དགེ་རྒན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།