མི་ཚེའི་ལོངས་སྤྱོད་ངོ་མཚར་ཆེ་བ་དེ།། འཚོ་བར་དགའ་བའི་ཞེན་པ་འཁྱོངས་ལ་རག།

ཀུན་དགའ་བསམ་གཏན་གྱིས་བྲིས།        2022-03-25

མི་ཚེའི་ལོངས་སྤྱོད་ངོ་མཚར་ཆེ་བ་དེ།། འཚོ་བར་དགའ་བའི་ཞེན་པ་འཁྱོངས་ལ་རག།

བྱིས་པ་ཁང་གི་སློབ་མ་ཚོར་སྲོ་ཟས་སྐོར་གྱི་སློབ་ཁྲིད་བྱེད་བཞིན་པའི་ཚུལ།

མི་ཚེའི་ལོངས་སྤྱོད་ངོ་མཚར་ཆེ་བ་དེ།། འཚོ་བར་དགའ་བའི་ཞེན་པ་འཁྱོངས་ལ་རག།

གྲོགས་པོ་ཆུང་ཆུང་ཚོར་སྲོ་ཟས་ལས་སྟངས་སློབ་བཞིན་པའི་ཚུལ།

ཨུ་རུ་སུའི་རི་མོ་བ་གྲགས་ཅན་མ་ཁུ་ཞ་ཨེར་ཅ་ཡིས་གལ་ཏེ་ཚེ་སྲོག་གི་ཚོན་སྡེབ་པང་ངོས་ལ་ཚོན་མདོག་གཅིག་མ་གཏོགས་མེད་པ་ཡིན་ན།འཚོ་བ་དང་སྒྱུ་རྩལ་ལ་དོན་སྙིང་ཆ་ཚང་སྤྲོད་ཐུབ་པའི་ཁ་དོག་དེ་ནི་དགའ་བ་ལས་འོས་མེད་ཅེས་བཤད། ངས་སྐད་ཆ་དེ་ཐོས་མ་ཐག་སེམས་སུ་རང་དབང་མེད་པར་ཨ་ཅག་པདྨ་ལགས་དྲན་བྱུང་། ག་རེ་ཅེ་ན། མོ་ནི་འཚོ་བ་ཕུན་སུམ་ཚོགས་པར་དགའ་ཞེན་བྱེད་མཁན་ཞིག་ཡིན་ལ། དགའ་ཞེན་དེའི་ཕྱོགས་ལ་འབད་བརྩོན་བྱེད་མཁན་ཞིག་ཀྱང་ཡིན་པས་སོ།།

འཚོ་བ་སྐྱིད་པོ་ནི་སྲོ་སྒམ་གྱི་ཁ་འབྱེད་པའི་སྐད་ཅིག་མར་མྱོང་།

ཨ་ཅག་པདྨ་ལགས་ནི་དར་མདོའི་གྲོང་གི་སྲོ་ཟས་ལས་མི་ཞིག་ཡིན་ཞིང་། མོས་བཟོས་པའི་སྲོ་རིགས་ཟས་ཞིམ་ལ་སྦྱོར་སྨན་སོགས་གང་ཡང་མེད། ཐ་ན་ཚོན་ཁྲའི་འོ་སྣུམ་ཡང་སྔོ་ཚལ་དང་ཤིང་འབྲས་ཀྱི་ཁུ་བས་བཟོས་པས་དྲི་ཞིམ་གང་སར་ཁྱབ་ཐུབ། ཨ་ཅག་པདྨས་བཟོས་པའི་སྲོ་རིགས་ཞིམ་ཟས་འདྲ་མིན་ཟ་དུས་དམིགས་བསལ་གྱི་བྲོ་བ་ཞིག་མྱོང་ཐུབ་པས་མོའི་ལག་རྩལ་ལ་ཡིད་སྨོན་མི་བྱེད་མཁན་གཅིག་ཀྱང་མེད། མོས་ལས་ཞོར་གྱི་དུས་ཚོད་སྤྱད་དེ་སྲོ་ཟས་ཞིམ་པོ་ཉུང་ངུ་ཙམ་བཟོས་ནས་གཉེན་ཉེ་དང་གྲོགས་པོར་ལོངས་སུ་སྤྱོད་ཀྱི་ཡོད་མོད།འོན་ཀྱང་ཁོང་གི་ལག་རྩལ་དེ་སྲོ་རིགས་ཟས་ཞིམ་ཚོང་ཁང་གཞན་དག་གི་ཆེད་ལས་དགེ་རྒན་ལས་མི་དམན།

ཨ་ཅག་པདྨ་ལགས་ཀྱིས་ང་རང་སྲོ་ཟས་ལས་དོན་ལ་ཐོག་མར་འཇུག་དུས་ཕམ་ཁ་མང་པོ་ཐེབས་མྱོང་། དཔེར་ན། དེའི་ལག་རྩལ་བྱང་ཆུབ་པ་ཞིག་ཤེས་པའི་ཆེད་དུ་བློ་རིག་གི་དཔྱ་ཁྲལ་ཟེར་ནའང་འདྲ་སློབ་ཡོན་ཟེར་ནའང་ཆོག། གང་ལྟར་དགོས་ངེས་ཀྱི་སྒོར་མོ་མང་པོ་ཤོར་སོང་། དེའི་རྗེས་རང་གིས་དཔེ་དེབ་ཉོས་པ་དང་། ཆེད་ལས་ལས་ཁུངས་ཀྱི་གསོ་སྦྱོང་ནང་ཞུགས་ནས་སློབ་སྦྱོང་བྱས་མཐར་གང་ཡང་མི་ཤེས་པ་ཞིག་ནས་ཆེད་ལས་ལག་ཁྱེར་ཡོད་པའི་ཕྱི་ལུགས་སྲོ་ཟས་ཀྱི་མཐོ་རིམ་དགེ་རྒན་ཞིག་ཏུ་གྱུར་སོང་ཞེས་བཤད།

ཨ་ཅག་པདྨའི་ལས་དོན་ཁང་གི་ཆ་སྒམ་ཐོག་ཏུ་སྲོ་སྒམ་བཞི་བསྒྲིགས་ཡོད། སྲོ་སྒམ་རེ་རེའི་ནང་དུ་བག་ལེབ་དང་སོབ་གོར་སོགས་བླུགས་ཡོད། མོས་བཟོས་པའི་སྒོང་སོབ་ལྕུག་མ་དང་། སྒོང་སོབ་བང་རིམ་སྟོང་ལྡན་མ། སྒོང་སོབ་དྲིལ་མ། འོ་སྣུམ་བག་ལེབ། ཟླ་མཆོད་བག་ལེབ། ཤིང་འབྲས་བག་ལེབ་སོགས་བཟོ་སྟངས་ལེགས་ཤིང་བྲོ་བ་ལྡན་པའི་སྲོ་རིགས་ཞིམ་ཟས་དེ་ཚོས་སིལ་ཟས་ལ་དང་དོད་ཆེ་བའི་མི་ཚོའི་ཡིད་ཀྱི་དབང་པོ་ཅིག་ཅར་དུ་འཕྲོག་ཡོད།

འཚོ་བ་སྐྱིད་པོ་ནི་རང་གི་དགའ་ཕྱོགས་དང་འགྲོགས་པའི་ཁྲོད་ནས་འབྱུང་།

དེ་སྔོན་ཨ་ཅག་པདྨ་ཡིས་གཟུགས་ལམ་ནས་མི་མེད་གནམ་གྲུས་བླངས་པའི་བརྙན་ཐུང་སྣ་ཚོགས་བཏང་ཡོད། གཏང་རྒྱུ་མང་ཆེ་བ་ནི་དར་མདོ་དང་ལྕགས་ཟམ་རྫོང་གི་ཡུལ་ལྗོངས་ཡིན་ཞིང་། རྒྱུན་པར་མཐོང་བའི་ཡུལ་ལྗོངས་ལ་ཕྱོགས་མི་འདྲ་བའི་ཐད་ནས་ཡང་བསྐྱར་ཐེངས་གཅིག་བལྟས་ཚེ་སླར་ཡང་མྱོང་ཚོར་གསར་པ་ཡོང་གི་ཡོད།

ཨ་ཅག་པདྨས་བཏང་བའི་བརྙན་ལམ་ནང་དུ་བག་ཆགས་ཆེ་ཟབ་ཤོས་ནི་ཟླ་བ་མཚོ་ཁུག་དང་འབྲེལ་བའི་བརྙན་ལམ་ཡིན་ཞིང་། ཟླ་བ་མཚོ་ཁུག་གི་སྟོན་ལྗོངས་ཀྱིས་མི་མང་པོའི་མིག་དབང་འཕྲོག་ལ་ཡིད་དབང་སྒུལ་ཐུབ། ཨ་ཅག་པདྨ་དང་མོའི་གྲོགས་པོ་ཚོ་རྩྭ་ཐང་ཡངས་པོར་མཆོང་ལྡིང་རྩེད་མོ་བྱེད་པའི་བརྙན་ལམ་འདིས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད།

རང་བྱུང་ཁམས་དང་རྐང་ཐང་བསྐྱོད་པར་དགའ་ཞེན་ཡོད་མཁན་ཞིག་ཡིན་ཚེ་སེམས་ཁམས་ཞི་ལྷོད་དང་སྤྲོ་སྣང་ལྡན་པར་གྱུར། ཨ་ཅག་པདྨས་ང་ཡང་ཕྱི་རོལ་ལུས་རྩལ་ལ་དགའ་པོ་བྱེད་མཁན་ཞིག་ཡིན།དེ་སྔོན་ངས་གྲོགས་པོ་ཚོ་དང་མཉམ་དུ་དར་མདོའི་རི་ཆུ་ཀླུང་གསུམ་བརྒལ་མྱོང་།ད་ཆ་པུས་མོར་རྨས་སྐྱོན་བྱུང་ནས་ཕྱི་རོལ་དུ་རྐང་ཐང་ལ་འགྲོ་རྒྱུ་མ་བྱུང་། ཡིན་ཡང་རང་གི་དགའ་ཕྱོགས་མ་བཞག་ནས་ལོ་གཅིག་ནང་དཀའ་ཚེགས་ཆེན་པོ་མེད་པའི་ལམ་ཞིག་བདམས་ནས་ཐེངས་འགའ་འགྲོ་བཞིན་ཡོད་ཅེས་བཤད།

འཚོ་བ་སྐྱིད་པོ་ནི་འབྱུང་འགྱུར་གྱི་རེ་སྒུག་ཁྲོད་ནས་ཡོད།

ང་ཚོས་རྟག་ཏུ་འབྱུང་འགྱུར་གྱི་བདེ་སྐྱིད་ལ་རེ་སྒུག་དང་ཡིད་སྨོན་བྱེད་ཀྱི་ཡོད། ངའི་འབྱུང་འགྱུར་འཚོ་བའི་བསམ་པའི་འཆར་སྒོ་དེ་གཞི་རིམ་དུ་སོང་ནས་སྔོ་ཚལ་དང་མེ་ཏོག་རྨོད་འདེབས་སོགས་ཞིང་ལས་འཚོ་བར་རོལ་རྒྱུ་དེ་ཡིན། འདི་འདྲའི་འཚོ་བ་ནི་ད་ལྟ་གྲོང་ཁྱེར་གྱི་མི་མང་པོས་ཡིད་སྨོན་བྱེད་པའི་འཚོ་བ་ཞིག་ཀྱང་ཡིན།

ཨ་ཅག་པདྨ་དང་མོའི་བློ་མཐུན་གྲོགས་པོ་འགའ་ཡིས་ལྕགས་ཟམ་རྫོང་བུམ་པ་ཡུལ་ཤོག་ཏུ་ཞིང་སྡེའི་འཚོ་བ་ཉམས་ལེན་བྱེད་སའི་ས་ཆ་ཞིག་རྙེད་བྱུང་། གཟའ་མཇུག་ཏུ་སླེབས་སྐབས་ཁོ་ཚོ་སྤྲོ་སྐྱིད་ཞིང་རར་སོང་ནས་ས་སློག་པ་དང་། ས་བོན་འདེབས་འཛུགས། ཆུ་འདྲེན་ལུད་རྒྱག་སོགས་ཀྱི་ལས་ཀ་བྱེད་ཀྱི་ཡོད། འདི་ལྟར་གཟའ་འཁོར་རེར་འགྲོ་ཐེངས་རེ་བྱེད་བཞིན་ཡོད་པས་སྔོ་ཚལ་དང་མེ་ཏོག་སོགས་ཀྱི་སྐྱེས་སྟངས་ལེགས་མིན་ལའང་ལྟ་ཐུབ་ཀྱི་ཡོད།

ཨ་ཅག་པདྨས་སློབ་ཆེན་དུ་གསོ་རིག་ཆེད་ལས་སྦྱོང་བཞིན་པའི་རང་གི་བུ་ལ་སླད་ཕྱིན་ཞིབ་འཇུག་སློབ་མར་རྒྱུགས་སྤྲད་ནས་འཚོ་བར་དགའ་ཞེན་ཡོད་པའི་སྨན་པ་ཡག་པོ་ཞིག་བྱ་རྒྱུའི་རེ་བ་བཏོན། ངས་ལས་འཁྱུར་ངལ་གསོ་བྱས་རྗེས་རྒན་རྒོན་སློབ་ཆེན་དུ་སོང་ནས་སྲོ་ཟས་སློབ་ཁྲིད་བྱེད་འདོད་ཡོད་ཅེས་བཤད་པ་རེད།

འཚོ་བ་ནི་མིག་མདུན་གྱི་འཚོ་བ་ཙམ་ཞིག་མིན། དེའི་ཁྲོད་སྙན་ངག་དང་རྒྱང་རིང་གི་ཞིང་ས་ཡང་ཡོད་ཅེས་པའི་གླུ་ཚིག་ལྟར་མ་འོངས་འཚོ་བ་ནི་རེ་བས་ཁེངས་པ་ཞིག་ཅི་ལ་མིན།།

  • ལེ་ཚན་སྔོན་མ།:འདབ་པའི་ཕན་རོགས་གནའ་ཤུལ་སྐོར་གྱི་འཕྲིན་གསར།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10