ནང་སོག་ཞོག་ཁོག་རོང་བྲག་ཡུལ་དུ་བཏབ།། འབྲས་བུ་གཡུར་ཟས་ཕྱུག་འགྱུར་རེ་བ་བསྩལ།།

ཀུན་དགའ་དང་རྟ་མགྲིན་རྡོ་རྗེས་བསྒྱུར།        2022-03-23

ནང་སོག་ཞོག་ཁོག་རོང་བྲག་ཡུལ་དུ་བཏབ།། འབྲས་བུ་གཡུར་ཟས་ཕྱུག་འགྱུར་རེ་བ་བསྩལ།།
དོ་དམ་ཞིབ་ཚགས་བྱེད་བཞིན་པའི་ཚུལ།

ཞིང་པར་ཁོམ་པའི་དུས་སྐབས་མེད།། དཔྱིད་རྨོད་དུས་ལ་ལྷག་ཏུ་བྲེལ།། ཉིན་བསྟུད་མའི་རིང་། རོང་བྲག་མཛེས་མའི་ལུང་པའི་ཞིང་སྡེ་ཀུན་ཏུ་དཔྱིད་རྨོད་ལས་ལ་བྲེལ་བའི་ཞིང་པ་གང་སར་མཐོང་རྒྱུ་ཡོད་ལ། ལོ་འདིར་ཐོན་སྐྱེད་བརྟན་པོ་དང་ཡོང་འབབ་འཕར་ཆེད་ཁོ་ཚོའི་གཟུགས་གཞི་ཡོངས་རྫོགས་རྔུལ་ཆུའི་བརླན་ཀྱང་བརྩོན་སེམས་ཉམས་མེད།

སྤྱི་ཟླ3པའི་ཚེས16ཉིན་ལ། རོང་བྲག་རྫོང་གྱ་གྱུ་གྲོང་རྡལ་དཔའ་དབང་ཆུང་གྲོང་ཚོའི་ནང་སོག་ཞོག་ཁོག་འདེབས་འཛུགས་བྱེད་སར་བསྐྱོད་སྐབས། ཞོག་ཁོག་གི་མྱུ་གུའི་སྐྱེ་ཚུལ་ལེགས་ཀྱང་མྱུ་གུ་ལ་ལ་ད་དུང་ཆུ་ཤོག་སྲབ་མོ་བརྟོལ་མ་ཐུབ་པར་ནང་དུ་ལུས་པར། ལོ51ལོན་པའི་ཏུའུ་མིང་ཀྲེན་གྱིས་བྲེལ་འཚུབ་ངང་ཞིང་ནང་དུ་དེ་ཚོར་གསོ་རླུང་སྤྲོད་ཀྱིན་འདུག གལ་ཏེ་དོན་རྐྱེན་གཞན་པ་རེ་མ་བྱུང་ན་ཟླ་བ་གཅིག་གཉིས་ཀྱི་རྗེས་སུ་མུའུ་གཉིས་ཙམ་ཡོད་པའི་ས་ཞིང་ནང་དུ་ནང་སོག་ཞོག་ཁོག་ལ་ཡོང་འབབ་ཁེ་གཙང་སྒོར་ཁྲི་ཙམ་ཡོད་པ་རེད། ཏུའུ་མིང་ཀྲེན་གྱིས་སྔོན་ཆད་གྲོ་འདེབས་པ་དང་དེའི་རྗེས་སུ་མ་རྨོས་ལོ་ཏོག་འདེབས་ཀྱི་ཡོད། མ་རྨོས་ལོ་ཏོག་བསྡུས་རྗེས་ཡང་གྲོ་འདེབས་ཀྱི་ཡོད། དེ་ལྟར་ཕན་ཚུན་བརྗེ་རེས་བྱས་ནས་བཏབ་ཀྱང་དུས་ཚིགས་གཉིས་མ་གཏོགས་འདེབས་མི་ཐུབ། ད་ལྟ་ཞོག་ཁོག་དང་མ་རྨོས་ལོ་ཏོག། ཚོད་མ་ཆུང་ངུ་བཅས་དུས་ཚིགས་གསུམ་ལ་འདེབས་ཆོག། ན་ནིང་ཐོན་ཚད་བཟང་བས་མུའུ་རེར་རྒྱ་མ5000འདུག་ཅེས་དགའ་སྤྲོའི་ངང་བཤད།

གྲོང་ཚོ་དེ་གའི་ལོ66ལོན་པའི་གྲོང་མི་ལིའུ་ཅན་ཀུའེ་ཡིས་ཆུ་འདྲེན་སྦུ་གུ་བསྒྲིགས་ནས་ཞོག་ཁོག་གི་མྱུ་གུ་ཆུང་ངུ་དེ་ཚོར་ཆུ་འདྲེན་བཞིན་འདུག། ན་ནིང་ནང་སོག་ཞོག་ཁོག་ལ་ཕན་འབྲས་ཐོབ་པ་ཤེས་བས་ཁོས་ད་ལོར་ས་ཞིང་མུའུ་གཉིས་མང་བ་རྨོས་པར་མ་ཟད་ཞོག་ཁོག་དང་མཉམ་དུ་གླང་རྔ་སོགས་སྔོ་ཚོད་བཏབ་པས་ལོ་གཅིག་ནང་རེས་མོས་ངང་རྨོ་འདེབས་རྒྱུན་མ་ཆད། ཁོས་ན་ནིང་ཞོག་ཁོག་མུའུ་གཉིས་ལས་མ་བཏབ། སུར་པན་མུའུ་གཅིག་དང་གླང་རྔ་ཁག་ཅིག་བཏབ་པས་ཡོང་འབབ་སྒོར་ཁྲི་དྲུག་བདུན་ཙམ་བྱུང་། ད་ལོར་ང་ཚོས་རྨོ་འདེབས་རྒྱ་ཁྱོན་ཆེ་རུ་བཏང་ནས་ཁྱོན་ཞོག་ཁོག་མུའུ་བཞི་ལྷག་ཙམ་བཏབ་ཡོད། ཡོང་འབབ་ཧ་ལམ་སྒོར་ཁྲི་བདུན་བརྒྱད་ཙམ་ཡོད་ས་རེད་ཅེས་བཤད།

ནང་སོག་ཞོག་ཁོག་ནི་ནང་སོག་རང་སྐྱོང་ལྗོངས་ནས་ཐོན་པ་དང་། དེ་ནི་དུག་བྲལ་ཞོག་ཁོག་གི་རིགས་ཤིག་ཡིན་ལ་ཐོན་ཚད་མཐོ་བ་དང་བྲོ་བ་ཞིམ་པ། ཕྱི་པགས་འཇམ་པ་བཅས་ཀྱི་ཁྱད་ཆོས་ཡོད། 2019ལོའི་ཟླ་བ12པར། དཔའ་དབང་ཆུང་གྲོང་ཚོས་ནང་སོག་ཞོག་ཁོག་ཚོད་འདེབས་བྱས་ཤིང་གྲོང་ཚོ་ཡོངས་ཀྱིས་མུའུ20ལས་མ་བཏབ་ཀྱང་ཞོག་ཁོག་གི་ཡོང་འབབ་ཁྲི10ལ་ཉེ་བ་བྱུང་། དཔའ་དབང་ཆུང་གྲོང་ཚོའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་རྒྱ་མཚོ་ལྷ་མོས་ད་ལོ་ནི་ང་ཚོས་ལོ་གསུམ་པར་ནང་སོག་གི་ཞོག་ཁོག་བཏབ་པ་ཡིན། ས་གནས་དེ་གའི་ཞོག་ཁོག་དང་མི་འདྲ་བར་གཅིག་ནས་ཐོན་ཚད་མཐོ་བ་དང་གཉིས་ནས་ཕྱི་སེར་ནང་སེར་ཡིན་ལ་ཆེན་པོ་ཡང་ཡིན། ཁྲོམ་རར་འཚོང་དུས་མི་ཚང་མའི་དགའ་བསུ་ཐོབ་ཡོད་ཅེས་བཤད།

ད་ལོར་དཔའ་དབང་ཆུང་གྲོང་ཚོས་ན་ནིང་མུའུ100ཡི་རྨང་གཞིའི་ཐོག་སླར་ཡང་མུའུ50མང་དུ་གཏང་རྒྱུ་ཡིན་ལ། བྲོ་བ་ཞིམ་ལ་ཆེ་ཆུང་མཉམ་པའི་ནང་སོག་ཞོག་ཁོག་དེ་སྤྱི་ཟླ་བཞི་པའི་ཟླ་མཇུག་ཏུ་ཁྲོམ་རར་འདོན་ཐུབ།

དཔའ་དབང་ཆུང་གྲོང་ཚོ་ལ་མཚོ་འཕགས་སྨི1900ཡོད་ཅིང་ཉི་མ་ཤར་ཡུན་རིང་ལ་ཉིན་མཚན་གྱི་གྲོ་གྲང་ཧེ་བག་ཆེ། གྲོང་ཚོ་དེས་དམིགས་བསལ་གྱི་ས་བབ་ལེགས་ཆ་སྤྱད་དེ་སྔོ་ཚོད་འདེབས་འཛུགས་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་བཏང་ཞིང་། སླད་ཕྱིན་ད་དུང་ཞིང་ལས་དང་ཡུལ་སྐོར་ཟུང་འབྲེལ་གྱི་བྱེད་སྟངས་སྤྱད་ནས་ཡུལ་སྡེ་དར་རྒྱས་གཏོང་བར་རམ་འདེགས་བྱ་རྒྱུ་རེད། རྒྱ་མཚོ་ལྷ་མོས་གོམ་སྟབས་རྗེས་མར་ང་ཚོས་གྱ་གྱུ་ལྗོངས་ཁུལ་ལ་བརྟེན་ནས་དཔའ་དབང་ཆུང་གྲོང་ཚོའི་ཡུལ་སྐོར་འཕེལ་རྒྱས་གཏོང་རྩིས་ཡོད། ང་ཚོས་མུའུ20ལྷག་ཙམ་གྱི་རྒྱ་སེ་མེ་ཏོག་བཏབ་ནས་དྲྭ་ལམ་དུ་སྐད་གྲགས་ཆེ་བའི་ས་ཆ་ཞིག་བཟོ་རྒྱུ་ཡིན། དེར་ལྟད་མོ་བལྟ་ཆོག་ལ་ཕྱིར་འཚོང་ཡང་བྱེད་ཆོག། ཡུལ་སྐོར་བ་ནང་འདྲེན་བྱས་ནས་ཡུལ་སྐོར་གཉེར་བ་དང་། ཡུལ་སྐོར་ལ་བརྟེན་ནས་ཞིང་ལས་དང་ཐོན་ལས་འཕེལ་རྒྱས་གཏོང་བར་སྐུལ་ཁྲིད་བྱ་རྒྱུ་ཡིན་ཞེས་བཤད།

ཉེ་བའི་ལོ་ཤས་རིང་། རོང་བྲག་རྫོང་གིས་རྒྱུད་གཅིག་ལམ་གཅིག་དང་གྲོང་ཚོ་གཅིག་ལ་ཐོན་རྫས་གཅིག། ལུང་ཤུར་ལ་ཤིང་འབྲས་དང་རི་སྐེད་ལ་འབྲུ་རིགས། རི་མགོར་ཕྱུགས་སྨན་བཅས་ཀྱི་ཐོན་ལས་བཀོད་སྒྲིག་ལ་དམིགས་ནས་ཡུལ་བབ་དང་བསྟུན་ནས“2+3+1”གི་སྐྱེ་ཁམས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་བར་མ་ཟད། ད་དུང་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དེ་འཇུག་སྒོ་ལ་བརྩིས་ནས། རིག་གནས་ཡུལ་སྐོར་དང་ཞིང་ལས་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་ཁྲིད་བྱས་ཏེ་སྐྱེ་ཁམས་དང་གནས་སྡོད་ལ་འཚམ་པའི་ལྗང་མདོག་ཅན་གྱི་རོང་བྲག་བསྐྲུན་ནས་མང་ཚོགས་ཀྱི་འཚོ་བ་སྔར་བས་ཕྱུག་པོར་བསྒྱུར་རྒྱུ་རེད།།


  • ལེ་ཚན་སྔོན་མ།:ཧྥེང་ཧྥ་ཀུའེ་ཡིས་རྟའུ་དང་བྲག་མགོ། དཀར་མཛེས། ཉག་རོང། ཉག་ཆུ་བཅས་སུ་བརྟག་ཞིབ་གནང་།
  • ལེ་ཚན་རྗེས་མ།:དར་མདོ་དང་ལྕགས་ཟམ་གྱིས་དཔྱིད་རྨོད་ལས་དོན་ཧུར་ཐག་སྤེལ།
  • དོ་སྣང་ཆེ་བའི་རྩོམ།