རོང་བྲག་རྫོང་གིས་ཞིང་རྫས་རྫུན་མར་རྡུང་རྡེག་བཏང་ནས་དཔྱིད་རྨོད་ལ་ འགན་ལེན་བྱས།

ཀུན་དགའ་དང་རྟ་མགྲིན་རྡོ་རྗེས་བསྒྱུར།        2022-03-21

ད་སྔར་དཔྱིད་རྨོད་གྲ་སྒྲིག་དུས་སྐབས་གལ་ཆེན་དུ་སླེབས་ཡོད། དཔྱིད་རྨོད་ཐོན་སྐྱེད་ཉེན་མེད་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པར་འགན་ལེན་བྱ་ཆེད། ཉེ་ཆར། རོང་བྲག་རྫོང་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཁྲོམ་རའི་ལྟ་སྐུལ་དོ་དམ་འགན་ནུས་དང2022ལོའི་དཔྱིད་ཀའི་བྱེད་སྒོ་ལ་གཞི་ཚུགས་ཏེ་རྫོང་ཞིང་ལས་གྲོང་སྡེ་ཅུས་དང་མཉམ་འབྲེལ་བྱས་ནས་དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་རྫུན་མར་རྡུང་རྡེག་གཏོང་བའི་ཆེད་དོན་བཅོས་སྒྲིག་བྱེད་སྒོ་སྤེལ་བ་རེད།

རྫོང་དེའི་གྲོང་སྡེ་ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཆེན་གྱི་ལས་དོན་མི་སྣ་རྫོང་གྲོང་གི་ཞིང་ལས་རྒྱུ་ཆའི་ཚོང་ཟོག་བྲིན་ཚོང་ཁང་མང་པོར་སོང་ནས་ས་བོན་དང་ཞིང་སྨན། ཞིང་ལུད་སོགས་ཞིང་ལས་རྒྱུ་ཆའི་ཚོང་ཟོག་ལ་ཚགས་བཤེར་བྱས་པ་རེད། ཁྲིམས་འཛིན་མི་སྣས་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་ཚོང་གཉེར་བྱེད་མཁན་ལ་ངེས་པར་དུ་ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བསྟུན་ནས་ཚོང་གཉེར་སྐྱོང་བྱེད་པ་དང་། བཟོ་གྲྭ་ཚད་ལྡན་ནས་ཚོང་ཟོག་ནང་འདྲེན་བྱེད་པ་དང་། ཚོང་གཉེར་ཁྲིམས་དང་མཐུན་པ། རྩིས་ཁྲ་ཡག་པོ་བཟོ་དགོས་པའི་སྐུལ་མ་བྱས། ཞིང་ལས་རྒྱུ་ཆའི་ཐོན་རྫས་ཚོང་གཉེར་བྱས་ནས་ལོ་བཅུར་སོང་བའི་ཚོང་དུད་ཞུའེ་ཕིང་ལོ་ལྟར་ཞིང་ལས་རྒྱུ་ཆའི་ཐོན་རྫས་རྒྱ་མ་སྟོང་ཕྲག་ཡན་ཕྱིར་ཚོང་བྱས་ཐུབ་པ་དེ་ནི་ཡིད་རྟོན་དང་ཚོང་གཉེར་ཁྲིམས་དང་མཐུན་པར་བརྟེན་ནས་ད་གཟོད་ཁྲོམ་རར་རྐང་ཚུགས་ཐུབ་པ་དང་འཛད་སྤྱོད་པའི་ཁས་ལེན་ཐོབ་ཡོད། དཔྱིད་རྨོད་གྲ་སྒྲིག་གི་འགག་རྩའི་དུས་སྐབས་སུ། ང་ཚོས་ཞིང་སྨན་དང་རྫས་ལུད་ཚད་ལྡན་གྲ་སྒྲིག་བྱས་ཏེ་མི་སེར་ཚོས་བློ་བདེ་པོའི་ངང་ཉོ་ཐུབ་པ་བྱ་དགོས་ཞེས་བཤད།

དེ་རྗེས་ཁྲིམས་འཛིན་མི་སྣ་ཞིང་ཁར་སོང་ནས་ཞིང་པ་ལ་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་རྫུན་མ་དབྱེ་འབྱེད་དང་ཞིང་ལས་རྒྱུ་ཆའི་ཁེ་དབང་སྲུང་སྐྱོང་སོགས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་པ་རེད། རྫོང་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱི་ལས་དོན་མི་སྣ་སུའུ་ལིན་གྱིས་ཚོང་ཁང་ཚད་ལྡན་དུ་སོང་ནས་ཞིང་ལས་རྒྱུ་ཆ་ཉོ་སྒྲུབ་བྱ་དགོས། ཉོས་རྗེས་བཙོངས་འཛིན་བླང་རྒྱུ་བརྗེད་མི་ཉན། གལ་སྲིད་ཐོན་རྫས་རྫུན་མ་དང་སྤུས་ཞན་ཡིན་པ་ཤེས་ཚེ12315ལ་ཁ་པར་བརྒྱབ་ནས་ཐེར་འདོན་བྱ་དགོས་ཞེས་བཤད།

ཉེ་བའི་ལོ་ཤས་རིང་ཞིང་ལས་རྒྱུ་ཆ་རྫུན་མར་རྡུང་རྡེག་བྱས་ཏེ་རོང་བྲག་རྫོང་གི་ཞིང་ལས་རྒྱུ་ཆའི་སྤུས་ཚད་ལོ་རེ་བཞིན་མཐོ་རུ་ཕྱིན་ཞིང་། རྫོང་ཡོངས་ཀྱི་ཞིང་ལས་རྒྱུ་ཆ་རྫུན་མ་ཕྱིར་འཚོང་དང་ཐོན་སྐྱེད་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་ཇེ་ཉུང་དུ་ཕྱིན་ཡོད་ལ་ཞིང་ལས་རྒྱུ་ཆའི་ཐོན་རྫས་སྤུས་ཚད་དང་ཐུམ་སྒྲིལ་ལ་གཅིག་གྱུར་གྱི་ཚད་གཞི་ཡོད་པ་རེད། ཐེངས་འདིའི་བཅོས་སྒྲིག་བྱེད་སྒོ་སྤེལ་བར་བརྒྱུད་རྫོང་ཡོངས་ཀྱི་ཞིང་ལས་རྒྱུ་ཆའི་ཁྲོམ་རའི་ཚོང་གཉེར་སྒྲིག་ལམ་སྔར་བས་ཚད་ལྡན་དུ་སོང་བ་དང་། རྒྱ་ཆེ་བའི་ཞིང་དུད་ཀྱི་ཞིང་ལས་ཐོན་རྫས་བདེན་རྫུན་དབྱེ་འབྱེད་ནུས་པ་ཆེ་རུ་ཕྱིན་ནས་དཔྱིད་རྨོད་ཐོན་སྐྱེད་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པར་འགན་ལེན་བྱས་པ་རེད།།

  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་དཔྱིད་རྨོད་ལས་ཀ་ཁག་ལ་དམ་འཛིན་ཏན་ཏིག་བྱས།
  • ལེ་ཚན་རྗེས་མ།:ལི་ཐང་རྫོང་གནས་གསར་གྲོང་སྡེའི་ཐོན་ལས་གླིང་ཁུལ་དུ་ དཔྱིད་རྨོད་ཐོན་སྐྱེད་ལས་ལ་བྲེལ།
  • དོ་སྣང་ཆེ་བའི་རྩོམ།