ལི་ཐང་རྫོང་གནས་གསར་གྲོང་སྡེའི་ཐོན་ལས་གླིང་ཁུལ་དུ་ དཔྱིད་རྨོད་ཐོན་སྐྱེད་ལས་ལ་བྲེལ།

ཀུན་དགའ་དང་རྟ་མགྲིན་རྡོ་རྗེས་བསྒྱུར།        2022-03-21

གླིང་ཁུལ་གྱི་ཁོར་ཡུག་གཙང་སྦྲ་དང་ས་ཞིང་བོགས་གཏོང་དབང་ཆའི་ཁོངས་གཏོགས་གནས་ཡུལ་ལ་བསྐྱར་ཞིབ་བྱེད་པ། ལྕགས་སྐུད་ཞིང་ར་དང་སྔོ་ཚལ་དྲོད་ཁང་ཆེན་མོའི་ཉམས་གསོ་ལས་ཀར་བྲེལ་བཞིན་པ་སོགས།སྤྱི་ཟླ3པའི་ཚེས6ཉིན། ལི་ཐང་རྫོང་མོ་ལ་གྲོང་རྡལ་གནས་གསར་གྲོང་སྡེའི་ཐོན་ལས་གླིང་ཁུལ་དུ་ཡུལ་མི་ཚོའི་གདོང་ལ་འཛུམ་དཀར་མངོན་ཞོར་རང་སོ་སོའི་ལས་ཀར་བྲེལ་བཞིན་ཡོད།

སྤྱི་ཟླ3པའི་ཚེས5ཉིན་གྱི་དགོང་མོར།སྔོ་ཚལ་མཁོ་སྤྲོད་འགན་ལེན་རྟེན་གཞིའི་ས་ཞིང་བོགས་གཏོང་དང་། སྔོ་ཚལ་དྲོད་ཁང་ཆེན་མོའི་བོགས་གཏོང་དབང་ཆའི་སྐོར་གྱི་ཡུལ་མིའི་ཚོགས་ཆེན་དེ་གནས་གསར་གྲོང་སྡེའི་ཏང་དང་མང་ཚོགས་ཞབས་ཞུ་ལྟེ་གནས་སུ་འཚོགས་ཡོད། གནས་གསར་གྲོང་སྡེའི་དུད་ཚང52དང་། ཆ་འགག་གྲོང་སྡེའི་དུད་ཚང72ཀྱི་ཡུལ་མི་སྤུན་ཟླ་ཚོས་ཁས་ལེན་འདེམས་ཤོག་ཧྲིལ་དུ་འཕངས་ནས་སྔོ་ཚལ་མཁོ་འདོན་རྟེན་གཞི་འཛུགས་པར་རེ་སྒུག་དང་ཡིད་ཆེས། ཆོད་སེམས་བཅས་རབ་ཏུ་མཚོན།

ད་བར། ལི་ཐང་རྫོང་གིས་སྔོ་ཚལ་མཁོ་འདོན་འགན་ལེན་རྟེན་གཞི་འཛུགས་རྒྱུ་དེ་དམངས་འཚོའི་ལས་གྲྭ་ཆེ་ཤོས་སུ་བརྩིས་ནས་དམངས་ཕན་ལས་ཀར་དམ་དུ་འཛིན་པ་དང་། ཐོན་ལས་འཕེལ་རྒྱས་གཏང་རྒྱུ་དེ་འགག་གནད་སྒྲོལ་སར་བྱས་ཏེ་སྔ་ཙམ་བཀོད་སྒྲིག་དང་།སྔ་ཙམ་ཇུས་འགོད་བྱས་ནས་བྱ་བ་དངོས་སྒྲུབ་དང་དཀའ་གནད་ཐག་གཅོད་ཀྱི་ལས་ཀའི་ལམ་བུ་ཞིག་བཏོད་ཡོད། ཐོན་ལས་གླིང་གིས་ད་ཡོད་ཀྱི་འཕེལ་ཚུལ་དང་ཞན་ཆར་དམིགས་ནས་ཆེད་མངག་ལས་ཀའི་ཞབས་ཞུ་རུ་ཁག་བཙུགས་ཏེ་ཡུལ་དངོས་སུ་བརྟག་ཞིབ་དང་།བཅར་འདྲིར་སོང་ནས་སློབ་སྦྱོང་སྤེལ་རེས།བསམ་བློའི་གྲོས་བསྡུར་བྱས་ནས་ཁྲོམ་རའི་གྲུབ་ཆ་གཙོ་བོ་དང་འཕེལ་རྒྱས་དམིགས་ཚད་ལ་ཞིབ་འཇུག་བྱས།

མོ་ལ་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་ཚེ་རིང་དོན་གྲུབ་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན།རེས་སྐོར་གསར་པའི་རོགས་སྐྱོར་ལས་དོན་ཁྲོད་ས་གནས་དེས་འབྲུ་ལྔའི་བདུད་རྩི་ཚོགས་པའི་སྤྱི་གཉེར་ཁང་གི་ལེགས་ལྡན་ཐོན་ཁུངས་སྤྱད་དེ་ཁེ་ལས་ཀྱི་ཐུན་མིན་ལེགས་ཆ་དང་སྔོན་ཐོན་དོ་དམ་ཉམས་མྱོང་སྤེལ་ནས་ཐོན་ལས་ཀྱི་དོན་དངོས་དང་འཚམ་ལ་ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་ཐུབ་པར་མ་ཟད།ཞིང་པའི་འབབ་འཕར་ལ་སྣེ་ཁྲིད་ཐུབ་པའི་ཕུགས་ཕན་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་ཀྱང་བཏོད་ཡོད།

གནས་གསར་གྲོང་སྡེའི་ཐོན་ལས་གླིང་ཁུལ་གྱིས་དབུལ་ཐར་འགག་སྒྲོལ་རིང་ཕྱོགས་མང་པོའི་ཐད་འབད་བརྩོན་བྱས་པར་བརྒྱུད་ཐོན་ལས་ཚད་དཔོག་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གང་ཞིག་ཡིན་རུང་ཚང་མར་རྨང་གཞི་དང་ཆ་རྐྱེན་ངེས་ཅན་ལྡན་ཡོད་མོད།འོན་ཀྱང་འདེབས་འཛུགས་དང་དོ་དམ་བྱེད་དཀའ་བ།བྲིན་ཚོང་དཀའ་བ།ལག་རྩལ་དཀོན་པ་བཅས་ནི་ཐོག་མཐའ་བར་གསུམ་དུ་ཐོན་ལས་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བའི་གནད་དོན་ཞིག་ཏུ་གྱུར། ཐོན་ལས་ཀྱི་ཁྲོམ་རའི་མདུན་ལམ་དང་།འདེབས་འཛུགས་ཀྱི་ཉེན་ཁའི་འགྲན་སློང་སོགས་ཕྱོགས་གང་ཅིའི་ཐད་ཀྱི་རྒྱུ་རྐྱེན་ལ་རིགས་པས་ཁུངས་སྐྱེལ་གང་ལེགས་བྱས་རྗེས། ལི་ཐང་རྫོང་གིས་སྔོ་ཚལ་ཕྱིར་ཚོང་ཚོང་པ་ནང་འདྲེན་བྱས་ནས་འདེབས་འཛུགས་དང་།དོ་དམ།ལས་སྣོན།ཕྱིར་ཚོང་བཅས་ཀྱི་ལས་དོན་ཁག་གི་ཞབས་འདེགས་ཞུས་ཏེ་ཐོན་ལས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བའི་གཏན་འབེབས་བྱས།

གནས་གསར་གྲོང་སྡེའི་ཏང་ཀྲི་པུའི་ཧྲུའུ་ཅི་ངག་དབང་ཕུན་ཚོགས་ཀྱིས་ད་ཡག་པོར་ཡོང་བཞིན་འདུག། འདེབས་འཛུགས་ལག་རྩལ་ནང་འདྲེན་ཐུབ་ཡོད་ལ་སྔོ་ཚལ་ཕྱིར་ཚོང་དཀའ་བའི་གནད་དོན་ཐད་ལའང་སེམས་ཁྲལ་བྱ་མི་དགོས་ཞེས་བཤད།

ངས་ས་ཞིང་ནང་བཤུག་དང་དྲོད་ཁང་བོགས་གཏོང་།གླིང་ཁུལ་དུ་གླ་པ་བྱས་ཏེ་ལོ་གཅིག་གི་ཡོང་འབབ་སྒོར་ཁྲི5ཙམ་རག་ས་རེད། ཅེས་ངལ་གསོའི་བར་གསེང་དུ་ཡུལ་མི་རྒྱལ་འབྲུག་གིས་ཡུལ་མི་ཚོ་མཉམ་དུ་ཡོང་འབབ་རྩི་བཞིན་འདུག། ཚང་མས་འབྱུང་འགྱུར་གྱི་འཕེལ་རྒྱས་ལ་དེ་བས་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོར་ཧྥེ་ཁྲེ་ཞིང་ལས་སྤྱི་གཉེར་ཁང་གིས་ཚོ་གསུམ་སྡེ་ཁུལ་མོ་ལ་གྲོང་རྡལ་དུ་སྔོ་ཚལ་མཁོ་སྤྲོད་འགན་ལེན་རྟེན་གཞི་མུའུ384.84བསྐྲུན་ཡོད། དེའི་ནང་གནས་གསར་གྲོང་སྡེ་དང་ཆ་འགག་གྲོང་སྡེས་ས་ཞིང་མུའུ359.84ནང་བཤུག་བྱས་ཡོད།དེའི་ནང་དུ་གནས་གསར་གྲོང་སྡེར་མུའུ238.2དང་ཆ་འགག་གྲོང་སྡེར་མུའུ121.64ཡོད། དེ་དང་མཉམ་དུ་གནས་གསར་གྲོང་སྡེའི་ད་ཡོད་ཀྱི་དགུན་དུས་དྲོད་ཁང25(མུའུ25)གླས་ནས་སྔོ་ཚལ་མྱུ་གུ་གསོ་བའི་རྟེན་གཞིར་བྱས། གཙོ་བོ་ནི་མཐོ་སྒང་ས་ཆར་སྐྱེ་ཐུབ་པའི་ཚོད་མ་གླང་རྔ་དང་པད་ཚལ། ལྕ་ཚལ་སོགས་ཀྱི་ས་བོན་བཏབ་ཡོད།

སྔོ་ཚལ་མཁོ་སྤྲོད་འགན་ལེན་རྟེན་གཞིའི་གཉེར་སྐྱོང་པ་དང་ཧྥེ་ཁྲེ་ཞིང་ལས་སྤྱི་གཉེར་ཁང་ལི་ཐང་དུ་ཐོ་འགོད་བྱས་པའི་ཝུའུ་ཐང་སྐྱེ་ཁམས་ཞིང་ལས་སྤྱི་གཉེར་ཁང་གི་འགན་འཁུར་བ་ཧོང་ཧུང་ཝུན་གྱིས་སྤྱི་གཉེར་ཁང་གིས་ཇུས་འགོད་ཞིབ་ཚགས་དང་དམངས་འཚོར་ཕན་འདོགས་པའི་འཕེལ་རྒྱས་ཀྱི་བསམ་བློར་གཞིགས་ནས། ལས་དོན་གཅིག་གྲུབ་ན་གཅིག་སྤེལ་བའི་ལས་ཀའི་རྩ་དོན་དང་། གླིང་ཁུལ་གཅིག་བསྐྲུན་ནས་སྡེ་ཁུལ་ལ་སྐུད་ཁྲིད་བྱེད་པའི་དམིགས་ཚད། ཞིང་ལས་སྒྲིག་བཀོད་དང་རིག་ལྡན་ཞིང་ལས་ཁྲིད་སྟོན་དུ་བྱས་པ། ཆེད་ལས་ལག་རྩལ་ནང་འདྲེན་དང་།རྒྱུད་བཟང་འདེབས་རྒྱ་ཆེ་རུ་གཏོང་བ།མཐོ་གྲང་ཐོན་ལས་ལ་ནུས་པ་ཡོད་པ། བྲིན་ཚོང་གི་འགག་གནད་སྒྲོལ་བ།ཞིང་པའི་ཡོང་འབབ་བརྟན་པོར་འཕར་བ་བཅས་ཀྱི་སྒོ་ནས་ཞིང་ལས་དར་རྒྱས་དང་།གྲོང་སྡེ་མཛེས་པོ།ཞིང་པ་ཕྱུག་འགྱུར་བཅས་ཡོང་ཆེད་ང་ཚོས་ཤུགས་རྒྱག་དགོས་ཞེས་བཤད་པ་རེད།།

  • ལེ་ཚན་སྔོན་མ།:རོང་བྲག་རྫོང་གིས་ཞིང་རྫས་རྫུན་མར་རྡུང་རྡེག་བཏང་ནས་དཔྱིད་རྨོད་ལ་ འགན་ལེན་བྱས།
  • ལེ་ཚན་རྗེས་མ།:དཀར་མཛེས་རྫོང་གིས་ནུས་ཤུགས་ཡོད་རྒུས་དཔྱིད་རྨོད་ཐོན་སྐྱེད་དངོས་རྫས་མཁོ་སྤྲོད་བྱས།
  • དོ་སྣང་ཆེ་བའི་རྩོམ།