བོད་ཡིག་དགེ་རྒན།

མཁའ་འགྲོ་ཚེ་རིང་།        2022-03-18

སློབ་དཔོན་ལགས།

ཁྱོད་ནི་བདག་ལ་དཔྱིད་དཔལ་སྩོལ་བའི་དཔྱིད་ཀྱི་ཕོ་ཉ་ཡིན།

ཁྱོད་ཀྱིས།

བདག་ལ་སྙན་འཇེབས་ཀྱི་གླུ་དབྱངས་ལེན།

རེ་འདུན་གྱི་ས་བོན་ལ་རྫས་ལུད་འཇོག།

འཕུར་བསྐྱོད་ཀྱི་བསམ་འདུན་ལ་གཤོག་ཟུང་སྤྲད།

སློབ་དཔོན་ལགས།

ཁྱོད་ནི་བདག་གི་དབྱར་ཟླ་མགོ་མའི་སྦྲང་ཆར་བསིལ་མ་ཡིན།

ཁྱོད་ཀྱིས།

བདག་ལུས་ཆར་སིམ་གྱིས་གཙང་འཁྲུད་བྱེད།

རེ་འདུན་གྱི་ས་བོན་ལ་ཆར་སིམ་གཏོར།

ཐན་སྐམ་གྱི་གདུང་བ་གཞི་ནས་སེལ།

སློབ་དཔོན་ལགས།

ཁྱོད་ནི་བདག་གི་སྟོན་ཟླ་འབྲིང་པོའི་སྐྱི་བསེར་རླུང་བུ་ཡིན།

ཁྱོད་ཀྱིས།

བདག་སེམས་རླུང་བུ་ཡིས་གཡོ་བར་བྱེད།

རེ་འདུན་གྱི་འབྲས་བུ་ཡང་ལྡེམ་ལྡེམ་བྱེད།

བསིལ་འཇམ་གྱིས་ལུས་སེམས་བདེ་བར་བྱས༎

སློབ་དཔོན་ལགས།

ཁྱོད་ནི་བདག་གི་དགུན་ཟླ་ར་བའི་དྭངས་གཙང་གི་ཨ་སྔོན་ཡིན།

ཁྱོད་ཀྱིས།

འབྱུང་ཁམས་ལ་དབུགས་གཟུགས་གཙང་མ་བསྐྲུན།

འཕུར་བསྐྱོད་ལ་བར་སྟོང་ངེས་ཅན་བཟོས།

ཚ་གདུག་གི་གདུང་བ་གཞི་ནས་འགེམས།

ཀྱེ་ཀྱེ།

དཔྱིད་ཀ་སླེབས་ཙ་ན།

ང་ནི་སྐད་སྙན་སྒྲོག་པའི་ཁུ་བྱུག་ལ་སྤྲུལ་ནས།

ཁྱེད་ཚང་གི་སྡོང་པོའི་ཡལ་གར་བབས་ཏེ།

ཁྱེད་ཀྱི་བཀའ་གསུང་བཀའ་ཁོལ་མར་ཉན་འདོད།

ཀྱེ་ཀྱེ།

དབྱར་ཁ་སླེབས་ཙ་ན།

ང་ནི་འོད་ཐིག་བསྣམས་པའི་ཆར་རྡོག་རེ་རེར་སྤྲུལ་ནས།

ཁྱེད་ཀྱི་གཞིས་ཁྱིམ་གྱི་དྲྭ་མིག་ཁར་བབས་ནས།

མཚོ་ལས་ཟབ་པའི་ཤེས་ཡོན་དེ་རུམ་འདོད།

ཀྱེ་ཀྱེ།

སྟོན་ཁ་སླེབས་ཙ་ན།

ང་ནི་ལྷོ་བཞུད་ཁྲུང་ཁྲུང་ཞིག་ཏུ་སྤྲུལ་ནས།

ཁྱེད་ཀྱི་གཡང་ཁྱིམ་གྲུ་བཞིའི་ཀླད་ཐོག་ནས་འཕུར་ཏེ།

ཁྱེད་ཀྱིས་ཀ་ཁ་འདོན་པའི་དབྱངས་རྟ་དེ་རྐུ་འདོད།

ཀྱེ་ཀྱེ།

དགུན་ཁ་སླེབས་ཙ་ན།

ང་ནི་གྲང་རེག་གི་རླུང་བུ་ཞིག་ཏུ་སྤྲུལ་ནས།

ཁྱེད་ཀྱི་གཞུང་ལས་ཁང་གི་སྒེའུ་ཁུང་ནས་རྒྱུ་སྟེ།

བོད་ཡིག་གི་ཟིན་བྲིས་དེ་ཀློག་འདོད།



  • ལེ་ཚན་སྔོན་མ།:ཀ་རྩོམ་བརྩེ་བའི་འོ་ཆུ་འདྲེས་མ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།