དར་མདོ་དང་ལྕགས་ཟམ་གྱིས་དཔྱིད་རྨོད་ལས་དོན་ཧུར་ཐག་སྤེལ།

ཀུན་དགའ་དང་རྟ་མགྲིན་རྡོ་རྗེས་བསྒྱུར།        2022-03-23

དར་མདོ་དང་ལྕགས་ཟམ་གྱིས་དཔྱིད་རྨོད་ལས་དོན་ཧུར་ཐག་སྤེལ།

ས་གཞི་ཆེན་པོར་དཔྱིད་ཀྱི་དཔལ་ཡོན་འཆར།།རྩྭ་དང་རྩི་ཤིང་མ་ལུས་སླར་དུ་གསོ།། འདི་ལྟར་དཔྱིད་རྨོད་དུས་ལ་སླེབས་ཡོད་པས་རང་ཁུལ་ས་ཆ་སོ་སོའི་ཞིང་པ་ཚོས་དཔྱིད་རྨོད་དུས་ཚོད་དམ་འཛིན་བྱས་ནས་ཞིང་ནང་དང་མུ་ཁར་བྲེལ་བཞིན་པ་ནི་མིག་མཐོང་ལག་ཟིན་གྱི་གནས་སུ་གྱུར།

དར་མདོ་གྲོང་ཁྱེར་སྐྱིད་ཐང་གྲོང་རྡལ་ཁང་གསར་གྲོང་སྡེའི་ཞིང་ནང་དང་མུ་ཁར་ཀུན་ལ་ཡུལ་མི་ཚོས་འདེབས་འཛུགས་དང་ཆུ་འདྲེན། ལུད་རྒྱག་སོགས་ཚ་ཚ་འུར་འུར་ངང་ལས་དོན་སྤེལ་བཞིན་ཡོད། ཁང་གསར་གྲོང་སྡེའི་ཡུལ་མི་ཞེ་ཙུའུ་མིང་གིས་གསར་འགོད་པར་ལོ་སར་གོང་ང་ཚོས་སྨན་རམ(ལྕ་བ)ནང་འདྲེན་བྱས་ཡོད། ད་ཆ་གནམ་གཤིས་དྲོ་པོར་ཆགས་པ་དང་བསྟུན་ནས་ང་ཚོས་འདེབས་སྤོ་བྱེད་ཀྱི་ཡོད། དེ་སྔ་ང་ཚོས་ལྕ་བ་དང་གཡེར་མའི་ས་བོན་མཉམ་པོར་འདེབས་ཡོད་སྟབས་དེ་གཉིས་མི་འཕྲོད་ནས་ཐོན་འབབ་ཡག་པོ་ཡོང་མ་སོང་། ད་ལོ་ང་ཚོས་འདེབས་འཛུགས་ལག་རྩལ་བསྒྱུར་ནས་ལྕ་བ་དང་གཡེར་མ་གཉིས་པོའི་བར་བར་ཐག་སྤྱི་སྐར60ཡོད་པའི་སར་བཏབ་པ་ཡིན། འདི་འདྲ་བྱེད་དུས་བར་སྟོང་འདང་ངེས་ཡོད་པས་ཕན་ཚུན་གནོད་མི་ཐུབ་པས་སྐྱེས་སྟོབས་བཟང་བ་རེད་ཅེས་བཤད།

ཉེ་བའི་ལོ་འགའི་རིང་། ཁང་གསར་གྲོང་སྡེར་སྲིད་ཇུས་རོགས་སྐྱོར་ཐོབ་ནས་དེ་སྔའི་མུའུ30ཡི་རྨོ་ཞིང་བསྐྱར་དུ་སྦོལ་བ་དེ་ལྕ་བ་ཚད་ལྡན་འདེབས་སར་བསྒྱུར་ཡོད། ད་སྔར་གྲོང་སྡེ་ཡོངས་ཀྱི་ལྕ་བ་འདེབས་རྒྱ་མུའུ60བར་རྒྱ་ཆེར་ཕྱིན་པ་དང་། མུའུ་རེའི་ཐོན་འབབ་རྒྱ་མ1500ཙམ་ལ་ཟིན་ཡོད། མྱུ་གུ་འབུས་ནས་མེ་ཏོག་བཞད་པ་དང་། དེ་ནས་ཡོང་འབབ་ཐོན་པའི་བར་གྱི་བརྒྱུད་རིམ་བརྒལ་མཐར་ན་ལོར་གྲོང་སྡེའི་འདེབས་འཛུགས་གཞི་ཁྱོན་ཆེ་བའི་ཁྱིམ་ཚང་ལ་ཡོང་འབབ་སྒོར་ཁྲི4ཙམ་བྱུང་བ་དང་། གཞི་ཁྱོན་ཆུང་བའི་དུད་ཚང་ལའང་ཡོང་འབབ་སྒོར་ཆིག་སྟོང་ཙམ་བྱུང་ཡོད།

ལྕགས་ཟམ་རྫོང་སྡེ་དབུས་གྲོང་རྡལ་པའོ་ཙེ་གྲོང་སྡེའི་ཀྲུང་ལིན་ཞིང་ལས་སྔོ་ཚལ་རྟེན་གཞིའི་ནང་སྔོ་ཚལ་དང་ཤིང་འབྲས་སྣ་ཚོགས་ཀྱི་སྐྱེ་ཚུལ་ཧ་ཅང་བཟང་། གྲོང་མི་ཚོས་རྟེན་གཞིའི་འགན་འཁུར་བ་ཞུས་ཙེ་ཁུའེ་ཡི་མཛུབ་ཁྲིད་འོག་ས་དོང་རྐོ་བ་དང་ལུད་རྒྱག་པ། ས་བོན་འདེབས་པ། ཆུ་བཏབ་པ་བཅས་ལ་བྲེལ་བཞིན་ཡོད། ཡུལ་མི་ཙི་ཅིན་ཆུང་གིས་དཔྱིད་རྨོད་སྐབས་སུ་ང་ཚོས་རྟེན་གཞིར་ལུད་རྒྱག་པ་དང་སོན་བཏབ་ནས་ཉིན་མ་རེར་གླ་ཆ་སྒོར100ལྷག་རག་བྱུང་། དེང་སང་སྒོ་འགྲམ་དུ་ཟུར་ལས་སྒྲུབ་ཐུབ་ཀྱི་འདུག་ཅེས་བཤད།

ཙི་ཅིན་ཆུང་གིས་གསར་འགོད་པར་ང་ཚོའི་ཞིང་ས་མུའུ1.7ཚང་མ་རྟེན་གཞིར་བོགས་བཏང་ནས་ལོ་ལྟར་སྒོར3060ལོན་གྱི་ཡོད། བུ་རྒྱུད་ཚོ་ཕྱི་གླ་སར་འགྲོ་བཞིན་ཡོད་ཀྱང་། སྔ་ཡིན་ན་ལོ་ཏོག་བསྡུ་བའི་སྐབས་སུ་ངེས་པར་དུ་ཁྱིམ་ལ་ལོག་དགོས་ཀྱི་ཡོད། ཞིང་ས་བོགས་བཏང་རྗེས་ཞིང་ལས་ཐད་ལ་སེམས་ཁྲལ་བྱ་མི་དགོས་པས་བློ་སེམས་བདེ་པོས་ཟུར་ལས་བྱས་ནས་བསྡད་ཆོག། རང་གིས་རྨོ་དུས་ལོ་གཅིག་ལ་དཀའ་ལས་བརྒྱབ་ནའང་མུའུ་རེའི་ཡོང་འབབ་ཁེ་གཙང་སྒོར600ཙམ་ལས་ཡོང་གི་མེད། ས་ཞིང་བོགས་གཏོང་བྱས་རྗེས་ཕྱི་ནང་གི་ལས་ཀ་ཚང་མ་ལྟ་རྟོག་ཐུབ་པས་རང་ངོས་ནས་བརྗོད་ན་བློ་སེམས་བདེ་བྱུང་ཞེས་བཤད།

ཞེ་ཙུའུ་མིང་གིས་དེ་སྔར་པའོ་ཙེ་གྲོང་སྡེའི་ཡུལ་མིའི་ཡོང་འབབ་ཧ་ཅང་ཉུང་ཉུང་ཡིན་ཞིང་། སྐབས་དེར། ཞིང་ནང་དུ་གང་ཞིག་བཏབ་ན་དེ་བཙོངས་ནས་ཡོང་འབབ་གསོག་པ་མ་གཏོགས་དེ་མིན་གྱི་ཡོང་འབབ་འཚོལ་ཐབས་གང་ཡང་ཡོད་མ་རེད། ད་ཆ་ཞིང་ས་བོགས་གཏོང་དང་ཉེ་སར་ལས་ཞུགས་སོགས་ཀྱི་ཡོང་འཕར་ལམ་བུ་མང་པོ་རྙེད་བྱུང་ཞེས་བཤད་པ་རེད།།


  • ལེ་ཚན་སྔོན་མ།: ནང་སོག་ཞོག་ཁོག་རོང་བྲག་ཡུལ་དུ་བཏབ།། འབྲས་བུ་གཡུར་ཟས་ཕྱུག་འགྱུར་རེ་བ་བསྩལ།།
  • ལེ་ཚན་རྗེས་མ།: ཞིང་ལས་དངུལ་ཁང་དཀར་མཛེས་ཡན་ལག་དངུལ་ཁང་གིས་དངུལ་རྩ་སྤྱད་ནས་དཔྱིད་རྨོད་ལ་སྐུལ་འདེད་བཏང་།
  • དོ་སྣང་ཆེ་བའི་རྩོམ།