ལྷ་འཛོམས་ཀྱིས་བསྒྱུར། 2022-03-23
སྤྱི་ཟླ3ཚེས12ནས18ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་ཉག་ཆུ་དང་ལི་ཐང་།འདབ་པ།ཕྱག་ཕྲེང་། སྡེ་རོང་། འབའ་ཐང་བཅས་རྫོང6གི་ཡུལ་སྡེ21ཏུ་ཕེབས་ནས་སྐྱེ་ཁམས་རིག་གནས་ཡུལ་སྐོར་གསར་གཏོད་འཕེལ་རྒྱས་དང་གཙོ་གནད་རིག་གནས་ཡུལ་སྐོར་ལས་གཞི་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་བ་དང་། ཉེ་དུས་བརྟན་བརླིང་སྲུང་སྐྱོང་དང་།རིམས་ནད་འགོག་ཟོན།ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་སོགས་ཀྱི་གཙོ་གནད་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་ཞིང་། ལས་ཡུལ་དུ་ཡོད་པའི་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་བ་རེད། ཁོང་གིས་རིག་གནས་ཡུལ་སྐོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་ཅིང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་ཐད་ཀྱི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་དོན་ཐོག་འཁྱོལ་བ་དང་དུས་བབ་གསར་པའི་འོག་གི་ཡུལ་སྐོར་འཕེལ་རྒྱས་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ཁོང་དུ་ཡང་དག་ཆུད་པ། བཅོས་བསྒྱུར་གསར་གཏོད་དང་འཆར་འགོད་ཁྲིད་སྟོན། ཐོན་ཁུངས་མཉམ་འདྲེས། སྒོ་དབྱེའི་མཉམ་ལས། སྤུས་རྟགས་གཏོད་པ་བཅས་ལ་ཤུགས་མཉམ་དུ་བརྒྱབ་པར་རྒྱུན་འཁྱོངས་ནས་དཀར་མཛེས་ཁུལ་གྱི་རིག་གནས་ཡུལ་སྐོར་ཕུན་སུམ་ཚོགས་ལ་གཏིང་ཟབ་པའི་དམིགས་བསལ་གྱི་ལེགས་ཆ་བཏོན་ཏེ་རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱ་ཡུལ་གང་མགྱོགས་བསྐྲུན་ཅིང་རིག་གནས་ཡུལ་སྐོར་ཐོན་ལས་དར་རྒྱས་ཆེན་པོས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེན་པོ་ཡོང་བར་བསྐུལ་དགོས་ཞེས་གསུངས་པ་རེད།
བརྟག་ཞིབ་བྱེད་རིང་ཧྲེན་དབྱང་གིས་རིག་གནས་ཡུལ་སྐོར་འཕེལ་རྒྱས་ལས་དོན་གྱི་གནས་ཚུལ་ངོ་སྤྲོད་ལ་ཞིབ་ཚགས་ངང་ཉན་པ་དང་ཡུལ་དངོས་སུ་ལོ་རྒྱུས་རིག་གནས་རྗེས་ཤུལ་དང་། ཁྱད་ལྡན་ཐོན་ཁུངས་གསར་སྦོལ།ཡུལ་སྐོར་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས་ནས་ས་གནས་དེ་གས་གོ་སྐབས་དམ་འཛིན་གྱིས་གསར་གཏོད་འཕེལ་རྒྱས་ལ་དམ་འཛིན་བྱེད་པའི་ཉམས་མྱོང་དང་བྱེད་སྟངས་ལ་ཁས་ལེན་གང་ལེགས་གནང་། ཁོང་གིས་རང་ཁུལ་ལ་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་དང་། སྐྱེ་ཁམས་ཁོར་ཡུག་བཟང་པོ། ཐུན་མོང་མ་ཡིན་པའི་མི་རིགས་རིག་གནས་བཅས་ཡོད་པས་གནས་མཆོག་དཀར་མཛེས་ཁུལ་དང་ཁམས་པའི་ས་གཞི་ཆེན་པོ་ཕྱི་ཕྱོགས་སུ་སྐད་གྲགས་ཆེན་པོ་ཡོད། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒུལ་ཤུགས་བསྐྱངས་ནས་རྒྱལ་ཁབ་ཀྱི་ཁོངས་ཡོངས་སུ་ཡུལ་སྐོར་དཔེ་སྟོན་ཁུལ་གསར་དུ་འཛུགས་པ་གཞིར་བྱས་ཏེ། ཁུལ་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་གྲ་སྒྲིག་གི་གོ་སྐབས་དང་བསྟུན་པ་དང་། རྒྱལ་ལམ318དང317གྱི་ལམ་རྒྱུད་གཙོས་འཕྲེད་རྒྱུག་ཆེན་པོ་དང་མཛེས་ལྗོངས་ཆེན་པོ། མཉམ་འདྲེས་ཆེན་པོ་བཅས་བླ་སྲོག་ཏུ་བྱས་ཤིང་། རང་བྱུང་ཡུལ་ལྗོངས་དང་རིག་གནས་ཡུལ་ལྗོངས། ཐོན་ལས་ཡུལ་ལྗོངས་བཅས་བྱེད་པོར་བཟུང་བ། སྐྱེ་ཁམས་དང་རིག་གནས། ཐོན་ལས། ཡུལ་སྐོར་བཅས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། སྒྲིག་འགོད་ཡུལ་སྐོར་དང་ཞིབ་འཇུག་སློབ་སྦྱོང་ཡུལ་སྐོར། གསར་བརྗེ་ཡུལ་སྐོར་སོགས་ཀྱི་ལས་རྣམ་གསར་པ་རྒྱུན་མི་ཆད་པར་འབྱེད་པ། བདེ་གསོ་སྨན་ཞབས་དང་སྐྱེ་ཁམས་ལྗོངས་སྐོར། སྤྲོ་གསེང་ངལ་གསོ། རི་ཀླུང་ལུས་རྩལ། རིག་གནས་མྱོང་རོལ་སོགས་བྱེད་སྟངས་གསར་པ་གསོ་སྐྱོང་ཧུར་ཐག་བྱས་ནས་དཀར་མཛེས་ཁུལ་གྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཐོན་རྫས་ཀྱི་མ་ལག་བཙུགས་ཏེ། དཔལ་འབྱོར་འཕེལ་རྒྱས་དང་མང་ཚོགས་ཀྱི་འཚོ་བར་ཕན་པའི་རིག་གནས་དང་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་ཧུར་ཐག་བསྐྲུན་དགོས་ཞེས་གསུངས་པ་རེད།
སྡེ་རོང་རྫོང་གི་ཝ་ཁ་གྲོང་རྡལ་དང་། འབའ་ཐང་རྫོང་གི་གྲུ་བ་ནང་ཡུལ་ཤོག། ཕྱག་ཕྲེང་རྫོང་གི་དབེ་བཞག་ཡུལ་ཤོག་སོགས་སུ་བརྟག་ཞིབ་གནང་སྐབས་ཧྲེན་དབྱང་གིས་གསར་བརྗེའི་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་བེད་སྤྱོད་བྱས་ཚུལ་ལ་གཟིགས་ཞིབ་གནང་བ་དང་ས་གནས་དེ་གའི་ས་ཁོངས་ལས་བརྒལ་བའི་སྤེལ་རེས་མཉམ་ལས་ཟབ་སྤེལ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་པར་གསན་འཇོག་གནང་། ཁོང་གིས་ཉེ་བའི་ལོ་འགའ་ལ་དཀར་མཛེས་ཁུལ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་མྱུར་པོ་བྱུང་བ་དེ་གསར་གཏོད་ཀྱི་སྒྲིག་གཞི་དང་། སྒོ་འབྱེད་ཀྱི་རྣམ་པ། ཡངས་ཤིང་རྒྱ་ཆེ་བའི་ཁྲོམ་ར་བཅས་དང་ཁ་འབྲལ་ཐབས་མེད། མཐའ་མཚམས་ས་ཁུལ་དང་སྤེལ་རེས་མཉམ་ལས་ལ་ཤུགས་བརྒྱབ་ནས་སི་ཁྲོན་དང་བོད་ལྗོངས། སི་ཁྲོན་དང་ཡུན་ནན། སི་ཁྲོན་དང་མཚོ་སྔོན་བཅས་འབྲེལ་མཚམས་ཁུལ་གྱི་རྣམ་པ་ལེགས་སུ་བཏང་སྟེ་ཐོན་ཁུངས་གསབ་རེས་དང་ཁྲོམ་ར་འཛུགས་རེས། འགྲུལ་ཁུངས་ཕན་ཚུན་སྐྱེལ་རེས་བཅས་ལ་སྐུལ་འདེད་བཏང་ནས་ཡུལ་སྐོར་ལས་རིགས་ཚད་བརྒལ་གསར་པ་ཡོང་བར་བྱ་དགོས། སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་གྱི་ཚད་དཔོག་ལ་གཞི་ཚུགས་ནས་ཞིང་ཆེན་ནང་ཁུལ་གྱི་སྤུན་ཟླའི་གྲོང་ཁྱེར་དང་ཁུལ་བར་གྱི་ལེགས་ཆ་གསབ་རེས་དང་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་བསྣན་ཏེ། མ་སྐུལ་དང་བླངས་ཀྱིས་ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་སྤྱིའི་བཀོད་སྒྲིག་དང་མཉམ་འདྲེས་བྱས་ནས་རིག་གནས་དང་ཡུལ་སྐོར་སྒོ་དབྱེ་དང་མཉམ་ལས་ཀྱི་མཐོ་ཚད་གསར་པ་མཉམ་དུ་བསྐྲུན་དགོས། གཞན་ཡང་མཐོ་སྒང་གི་གསོ་རླུང་མཁོ་འདོན་དང་ཡུལ་སྐོར་གསང་སྤྱོད། ཡུལ་སྐོར་ཕྱོགས་བསྡུས་ཞབས་ཞུ་བཅས་ཀྱི་འཛུགས་སྐྲུན་ལ་ཤུགས་རྒྱག་པ་དང་། རྩེར་སོན་གྱི་མགྲོན་ཁང་གི་སྤུས་རྟགས་ནང་འདྲེན་བྱེད་པ་དང་སྐར་རིམ་མགྲོན་ཁང་གི་ཚོགས་སྤྱི་གཏོད་པ། ཁྱད་ལྡན་སྡོད་ཁང་དང་ཚོགས་པ་སྒྲིག་འཛུགས་བྱེད་པ། ཡུལ་སྐོར་ཁྲོམ་རའི་དོ་དམ་ལ་ཤུགས་རྒྱག་པ་བཅས་བྱས་ནས་བློར་བབ་ཚད་དང་སྐད་གྲགས་ཆོད་ཚད་དུས་གཅིག་ཏུ་མཐོ་རུ་གཏང་དགོས།
བརྟག་ཞིབ་གནང་རིང་། ཧྲེན་དབྱང་ད་དུང་ཉག་ཆུ་རྫོང་གི་གཙང་ཤུལ་དགོན་དང་ལི་ཐང་རྫོང་གི་མི་འགྱུར་དགོན། ཕྱག་ཕྲེང་རྫོང་གི་བསྟན་རྒྱས་གླིང་དགོན། ལི་ཐང་རྫོང་མཆོད་རྟེན་ཡུལ་ཤོག་ལྟེ་བའི་སློབ་གྲྭ་སོགས་སུ་ཕེབས་ནས་དགོན་སྡེ་དང་སློབ་གྲྭའི་རིམས་ནད་འགོག་ཟོན་དང་ཉེན་མེད་ཐོན་སྐྱེད་སོགས་ཀྱི་ལས་དོན་སྤེལ་ཚུལ་རྒྱུས་ལོན་གནང་། ཁོང་གིས་རིམ་ཁག་སྡེ་ཚན་ཁག་གིས་ངལ་དུབ་ལ་མ་འཛེམས་ནས་མུ་མཐུད་དེ་དམག་འཐབ་རྒྱག་པའི་སྙིང་སྟོབས་དར་སྤེལ་བཏང་ནས་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་ཡག་པོ་བྱེད་པ་དང་། ཕྱོགས་ཁག་གི་འགན་འཁྲི་ཏན་ཏིག་སྒྲུབ་པ། བཀོད་སྒྲིག་ཁག་དོན་འཁྱོལ་བྱེད་པ། ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་མེ་ཟོན་དང་། རིམས་ནད་འགོག་ཟོན། ཉེན་མེད་ཐོན་སྐྱེད་སོགས་ཀྱི་ལས་དོན་ཁག་དམ་འཛིན་ཡག་པོ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་འགན་ལེན་བྱ་དགོས་པའི་ནན་གསུང་གནང་བ་རེད།
ཁུལ་གྱི་མགོ་ཁྲིད་ཕུའུ་ཡུང་ཧྥུང་དང་ལིའུ་ཧུང་སོགས་བརྟག་ཞིབ་ནང་ཞུགས་ཡོད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10