བདག་གི་འཛིན་བདག་དགེ་རྒན།

སྐལ་བཟང་ཕུན་ཚོགས།        2022-03-21

ཐུར་དུ་འབབ་པའི་རྦབ་ཆུ་དང་ཁ་དོག་སྣ་ལྔའི་འཇའ་ཚོན་གྱིས་བསླས་བའི་འཇིག་རྟེན་གྱི་དུས་ཚོད་ཡུན་གྱི་འདས་ལ། དགའ་སྤྲོ་དང་སྐྱོ་དུབ་སྣ་ཚོགས་ལས་མ་ཡུམ་སློབ་གྲྭ་དང་ཁ་བྲལ་ལ་ཉེ། བྲལ་མི་འདོད་པའི་མ་ཡུམ་སློབ་གྲྭ་ཡི་ནང་། བརྩེ་བའི་གྲོགས་པོ་དང་དགེ་བའི་བཤེས་གཉེན་ཡོད།

དེ་དག་ལས་ངས་ནམ་ཡང་བརྗེད་པར་དཀའ་བ་ནི་བདག་གི་འཛིན་བདག་དགེ་རྒན་ཏེ་བོད་ཡིག་དགེ་རྒན་ཡིན།ཁོང་གི་སྐྱེས་གཟུགས་རིང་། ཞལ་རས་ཟླུམ་དབྱིབས་ནར་ཙམ་ཡིན། སྨིན་མ་ནག་ཅིང་དཀྱུས་རིང་བ། རྣམ་པ་ཀུན་ཏུ་ཞལ་རས་ནས་འཕྲོ་བའི་འཛུམ་མདངས་ལས་ང་ཚོར་བྱམས་སྐྱོང་དང་ལྷག་བསམ་ཞིག་ངང་གིས་མངོན་བྱུང་།

བཤེས་གཉེན་ལགས། ཁྱེད་ནི་ངའི་མདུན་ལམ་ལ་གསེར་མདོག་བྱུགས་མཁན་འོད་ཀྱི་གོང་བུ་དེ་ཡིན་ལ། ཁྱེད་ནི་ངའི་མི་ཚེ་ལ་ཁ་ཕྱོགས་སྒྱུར་མཁན་གྱི་བརྩེ་བའི་བདག་ཉིད་དེའང་ཡིན། དགེ་རྒན་ཁྱེད་ཀྱིས་སྐྱ་རེངས་དང་ལྷན་ཅིག་གྲང་ངར་བསུས་པའི་དཀའ་ཚེགས་ངས་མ་ཤེས་ལ། མུན་ནག་དང་བཀྲེས་སྐོམ་འགམས་པའི་སྡུག་བསྔལ་ཡང་རྟོགས་མྱོང་མེད།

བཤེས་གཉེན་ལགས། ཁྱོད་ལ་ང་རྒྱལ་དང་། ཁེངས་དྲེགས་ཀྱི་བསམ་བློ་ཡོད་སྲིད་མོད། འོན་ཀྱང་ང་ཚོས་མཐོང་ཐེངས་རེར་དེ་དག་གི་རྣམ་པ་གཞན་ཞིག་སྟེ། སྤོབས་སེམས་དང་འཇོན་ཐང་། རྟོགས་སད་ཀྱི་བསམ་བློ་དཀྱེལ་ཆེ་བ་ཞིག་གོ། ད་དུང་ཁྱེད་ཀྱི་ཤེས་ཡོན་ནི་རྒྱ་མཚོ་ལས་ཟབ་ཅིང་ལྷག་བསམ་ནི་གངས་རི་ལས་དཀར།ཁྱེད་ཀྱི་སྤྱོད་ཡོན་གཉིས་ལྡན་གྱི་ཞབས་རྗེས་རེ་རེས་ང་དང་སློབ་གྲོགས་ཚོར་སེམས་སྒུལ་བའི་སྙིང་སྟོབས་དང་ཡར་རྒྱས་ཀྱི་སྤོབས་པ་བསྩལ།

བདག་གི་འཛིན་བདག་དགེ་རྒན། ཁྱོད་ཀྱིས་རང་དོར་གཞན་གཅེས་ཀྱི་ཐུགས་ནི། གཏིང་ཟབ་པའི་རྒྱ་མཚོ་དང་མཐའ་ཡས་པའི་ནམ་མཁའ་བཞིན། བདག་གི་སྙིང་ཁོང་རུས་གསེང་ནས་ཁྱེད་དང་ཁྱེད་འདྲ་བ་རྣམས་ལ་ཡིད་སྨོན་དབང་མེད་དུ་ཤོར། ཁྱེད་ཁོ་ནས་ལྷག་བསམ་རྩ་དོན་མ་བོར་བར་ང་ཚོ་སློབ་བུ་དག་གི་རྒྱུད་དུ་ཤེས་རིག་གི་ས་བོན་དང་མི་གཞིའི་ཀུན་སྤྱོད་བསྩལ། བདག་གི་འཛིན་བདག་དགེ་རྒན་སྐུ་དྲིན་ཆེ།

  • ལེ་ཚན་སྔོན་མ།:ཞོགས་པའི་ཡུལ་ལྗོངས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།