བདག་གི་རེ་བ།

གཡུ་མཚོ།        2022-03-21

འཇིག་རྟེན་འདིའི་ཆེས་མཐོ་བའི་ཡུལ་གྲུ་ཞིག་ནས་གྲང་ངར་དང་བུ་ཡུག་འཚུབ་མ་རྒོད་པའི་མཚན་མོ་ཞིག་ལ་ང་རང་དྲི་བཞོན་གྱིས་ས་རྡུལ་བྱེའུ་ཡི་གཤོག་སྒྲོ་རླུང་གིས་སྤུར་བ་བཞིན་གར་འདུག་ལ་དམིགས་ཡུལ་མེད་པར་རི་དང་ལ་ལུང་བརྒལ། ཆུ་དང་གཙང་པོ་བརྒལ་ནས་འཇིག་རྟེན་འདིར་ཐོན་སོང་།

ང་འཇིགས་སྐྲག་དང་ཟང་ཟིང་ཁྲོད་ནས་འཇིག་རྟེན་མི་ཡུལ་འདིར་ཐོན། སྐྱོ་ངལ་གྱི་མིག་ཆུ་བཞུར་བཞིན་མི་ཡུལ་ལ་ཐོན། རྙོག་འཛིང་དང་ཟང་ཟིང་གི་ཁྲོད་ནས་འདིར་ཐོན་སོང་།

ང་འཇིག་རྟེན་འདིར་ཐོན་དུས། ང་ལ་ཨ་མ་ཟེར་བའི་མཛངས་ཡོན་གཉིས་གྱི་མི་ཞིག་ཡོད་སོང་། མོའི་ལྷད་མེད་པའི་ཞལ་ཟུང་དྲོན་མོ་ཞིག་གིས་ངའི་མདུན་བསུས་ཏེ་ཕྱག་ཟུང་དྲོན་མོས་ང་ཞི་འཇམ་གྱི་པང་ཁུག་ཏུ་ཁྱེར་ཏེ་ངའི་སྐྱེ་བའི་མྱ་ངན་སེལ་སོང་། འཇིགས་སྐྲག་གི་ལྕགས་སྒྲོག་བཀྲོལ་སོང་། བཀའ་དྲིན་ཆེ་ཞུའོ།།

ངའི་ཀྱག་ཀྱོག་གི་མི་ཁས་མནན་པའི་ལམ་ཕྲན་ཞིག་རྡོག་པས་མནན་ནས་མདུན་དུ་སྐྱོད་བཞིན་ཡོད་མོད། རང་ལ་འཐོབ་འདོད་པའི་བྱ་བ་དེའི་དོན་དུ་སྨྲེ་ངག་དང་འོ་དོད་འབོད་བཞིན་ལམ་ལ་ཆས་བཞིན་ཡོད། བདག་ནམ་ཡང་དཔེ་ཆ་ལ་བཀྲེས་སྐོམ་གྱིས་མནར་བའི་མི་ཞིག་གཡང་གཟར་གྱི་དཀྱིལ་དུ་དཔྱངས་པའི་ཟས་ལ་འཐམས་པ་བཞིན། དཔེ་ཆ་དེ་དག་བཀླག་འདོད་རུང་ཀློག་ཐུབ་ཀྱི་མི་འདུག། བདག་ལ་མཐོ་སར་སྙེགས་འདོད་ཀྱི་ངར་ཤུགས་ཡོད་མོད། ནུས་པ་མེད་པས་རྗེས་མ་ཟིན། ཡིན་ཡང་བདག་གིས་གནས་འདི་ནས། མགོ་བོ་མི་སྒུར་བར་སྲིན་པོ་གདོང་དམར་ཚང་གི་རྒྱུད་འཛིན་ཞིག་བྱེད་ན་འདོད། དབུལ་ཞིང་ཕོངས་བའི་མི་ལ་ཤེས་བྱའི་གཤོག་རྩལ་སྤྲད་ནས་ཁོ་ཚོ་ཞི་བདེ་རྒྱ་མཚོ་ཁ་རུ། འཕུར་དུ་འཇུག་ན་འདོད། མ་འོངས་པར་བུ་མོ་ངའི་ཁྱེད་ཅག་ལ་བདེ་སྐྱིད་ཀྱི་ས་བོན་ཞིག་འདེབས་ན་འདོད། བདག་གི་རེ་བའི་ཕུགས་བསམ་རིང་མོར་མངོན་འགྱུར་བྱུང་ནས་ཤེས་རབ་ཀྱི་བདག་མོ་གྱུར་དུས། ངས་ཁྱེད་ཅག་ལ་ཆེས་དྭངས་གཙང་དང་མཛེས་སྡུག་གི་མེ་ཏོག་རེ་རེ་ཁྱོད་ཚོའི་པང་ལ་གཏོར་ངེས། ངའི་ནམ་ཡང་མིག་ལམ་དུ་ཁྱེད་ཅག་ཡོད་ལ། ངའི་སྙིང་དཀྱིལ་དུ་ཁྱེད་ཚོ་བཞག་ཡོད། ངས་ནམ་ཡང་ཁེར་རྐྱང་དུ་ཁྱེད་ཅག་གི་མིག་མདངས་དང་ཁྱེད་ཅག་གི་འཛུམ་ཆུང་སྒོམ་བཞིན་གྱ་གྱུའི་ལམ་བུ་བརྒྱུད་སྐབས། ངའི་མཐའ་སྐོར་སྡོང་ལོའི་ལོ་མ་ས་ལ་ལྷུང་བ་དང་འདྲ་བར། འཇིག་རྟེན་འདི་ནས་བྲལ་བ་མིག་ཟུང་ལ་ཤར་དུས། ང་རང་སེམས་སྡུག་ནས་ངུ་ཡང་མྱོང་། སྐྱོ་སྣང་གི་གྲིབ་མ་སྙིང་ལ་འཐིམས། ཚོར་མེད་ཀྱི་དུས་ཚོད་བཙན་པོས། ཕ་རོལ་པོའི་ཚེ་སྲོག་འཕྲོག་ཐལ། བརྩེ་སེམས་མིག་ཆུ་འཐོར་སོང་། དེ་དུས་ཁྱེད་ཚོས་ང་ལ་སྐྱེ་བ་ཕྱི་མ་ཡོད་ཟེར། ཡིན་ནའང་དེ་ནི་ཁྱེད་ཚོའི་ང་ལ་སེམས་གསོ་ཙམ་ཡིན་པས་ཀྱང་ཤེས། གལ་ཏེ་དངོས་གནས་སྐྱེ་བ་ཕྱི་མ་ཡོད་ན་ངས་བསྐལ་བ་ནས་བསྐལ་བར་ཁྱེད་ཚོར་བསྒུག་ངེས་ཡིན། 

  • ལེ་ཚན་སྔོན་མ།:སློབ་གྲོགས་དགའ་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།