འབའ་ཐང་རྫོང་གིས་རིམས་ཚུལ་འགོག་ཟོན་བྱེད་ཞོར་དཔྱིད་རྨོད་ལས་ལ་བརྩོན།

ཀུན་དགའ་དང་རྟ་མགྲིན་རྡོ་རྗེས་བསྒྱུར།        2022-03-23

དཔྱིད་རྨོད་ལ་བྲེལ་བའི་དུས་ཚིགས་ནི་རིམས་ཚུལ་འགོག་ཟོན་གྱི་གནད་འགག་དུས་སྐབས་ཤིག་ཀྱང་ཡིན། འབའ་ཐང་རྫོང་གིས་རིམས་ཚུལ་འགོག་ཟོན་གྱི་ལས་དོན་ཡག་པོར་བསྒྲུབས་པ་དང་ཆབས་ཅིག་ནུས་ཤུགས་ཡོད་རྒུས་དཔྱིད་རྨོད་ཐོན་སྐྱེད་ལ་ཧུར་བརྩོན་བྱས་ནས་སྟོན་འབྲས་བུ་སྨིན་པར་རྨང་གཞི་བཏིང་ཡོད།

རིམས་ཚུལ་གྱི་ཤུགས་རྐྱེན་མི་ཐེབས་པ་དང་ཞིང་ལས་ཐོན་སྐྱེད་ལ་འགན་ལེན་བྱ་ཆེད།འབའ་ཐང་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་ཐེངས་མང་འཚོགས་ནས་སྔ་ཕྱིར་ཞིབ་འཇུག་བརྡར་གཅོད་དང་སྔ་ཙམ་བཀོད་སྒྲིག་བྱས་ཏེ་ཞིང་ལུད་དང་།འབྲུ་འདེབས།འགྱིག་ཤོག་སོགས་ཞིང་སྤྱོད་དངོས་རྫས་གྲ་སྒྲིག་ཧུར་ཐག་བྱས་ནས་རིམས་འགོག་དང་རྨོ་འདེབས་གཉིས་འཐུས་ཤོར་མི་ཡོང་བར་འགན་ལེན་བྱས།

དུས་མཉམ་དུ་མི་མང་མཉམ་འཛོམས་མི་བྱེད་པ་དང1+17གྱི་བྱེད་སྟངས་ལག་བསྟར་བྱ་ཆེད།རྫོང་དེས་ཡུལ་གྲོང17གྱི་དངོས་ཟོག་རྩིས་ཐོ་ཞིབ་བཤེར་དང་ཐོ་འགོད་བྱས་ནས་གཅིག་གྱུར་ཐོག་ཉོ་སྒྲུབ་དང་སྡེབ་སྐྱེལ་བྱས་ཡོད། ད་སྔའི་བར་རྫོང་ཡོངས་སུ་རླངས་འདོན་ཡོ་བྱད300དང་།འགྱིག་ཁེབས་ཏུན4.56དང་། ཞིང་སྨན་རྒྱ་མ500དང་། མ་རྨོས་ལོ་ཏོག་གི་ས་བོན་ཏུན4དང་། ཞིང་ལུད་ཏུན80བཅས་བསགས་ཤིང་། ད་སྔར་དཔྱིད་རྨོད་དངོས་ཟོག་གཏོང་འདྲེན་ལས་དོན་མཇུག་འགྲིལ་ཡོད།

གཞན་ཡང་གྲོང་སྡེ་ཁག་གི་ཕྱུགས་ཟོག་སྨན་པ་དང་ལག་རྩལ་པས་ལག་རྩལ་མཛུབ་ཁྲིད་ཡག་པོ་བྱེད་པ་དང་ཆབས་ཅིག་རིམས་ཚུལ་འགོག་ཟོན་གྱི་སྲིད་ཇུས་དང་ཤེས་བྱ་དྲིལ་བསྒྲགས་བྱས་ནས་དྲིལ་བསྒྲགས་ཡིག་ཆ1500ལྷག་སྤྲད་པ་དང་འབྲེལ་ཡུལ་ཤོག(གྲོང་རྡལ)ཁག་ཏུ་གྲོང་སྡེའི་རིམས་ཚུལ་འགོག་ཟོན་གྱི་ཚགས་བཤེར་ལས་དོན་སྤེལ་ནས་མི་མང་མཉམ་འཛོམས་མི་བྱེད་པ་དང་ཁ་ཤུབས་བརྒྱབ་ནས་དཔྱིད་འདེབས་གྲ་སྒྲིག་ཧུར་ཐག་བྱས་ཡོད་པ་རེད།།


  • ལེ་ཚན་སྔོན་མ།: ཞིང་ལས་དངུལ་ཁང་དཀར་མཛེས་ཡན་ལག་དངུལ་ཁང་གིས་དངུལ་རྩ་སྤྱད་ནས་དཔྱིད་རྨོད་ལ་སྐུལ་འདེད་བཏང་།
  • ལེ་ཚན་རྗེས་མ།:རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་རྟེན་གཞི་གལ་ཆེན་མགྱོགས་མྱུར་སྐྲུན་པར་རོགས་རམ་བྱས་ཏེ་ས་ཁོངས་ཀྱི་དཔལ་འབྱོར་མཆོང་བརྒལ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏང་དགོས།
  • དོ་སྣང་ཆེ་བའི་རྩོམ།