ཨ་ལོང་དགུ་སྐོར།

ལྷ།        2022-03-25

ཁྱིམ་གྲུ་བཞི་ལས་ཀྱི་ས་མིག་རེད།།

དྲིན་ཕ་མ་སྐལ་བའི་ཆུ་གཙང་རེད།།

འདང་བརྩེ་བ་མཚོ་ནང་གཏེར་ཁ་རེད།།

ཁ་དགེ་བའི་སྨོན་པ་བཙན་སོང་ངམ།།

ངའི་མགོ་ཐོག་གསེར་གྱི་འཁོར་ལོ་འཁྱིལ།།

ལས་ཐུ་མོའི་འཕེན་པ་ཆེ་སོང་འདྲ།།

ངའི་ཞབས་གདུབ་དངུལ་དཀར་དྲིལ་ཆུང་འབར།།

སྟབས་འགྲིག་གི་ལས་འཕྲོ་ལྷ་ཡི་འོད།།

མགོ་ཡ་ཐོད་ཀླད་པའི་རྩ་ལ་ཕོག།།

བློ་བཀོད་པའི་དར་འཕྲུ་མན་ཆད་ནས།།

ཡང་གཉུག་གཤིས་པད་མའི་གཞལ་ཡས་སུ།།

གཟུགས་ཡོད་མེད་གཉིས་ཀྱི་སེམས་ཅན་འགའ།།

རེ་འཕུར་མ་ལྡིང་གིས་ཡང་ཡང་རྩེན།།

ལར་འདི་ལ་སྙིང་པོ་ཡོད་དམ་ཅི།།

ཨ་ཤུ་རེ་འཁོར་བའི་སྒང་ལམ་རེད།།

ལས་རྣམ་སྨིན་རི་ཁའི་རྩྭ་ལྗང་དེ།།

རླུང་གང་སར་སྤུར་ན་དེ་ས་རེད།།

གླུ་བླངས་ནས་ཞེ་སེམས་མི་སོད་ཀྱི།

ན་ཐང་སྨུག་སྤྲིན་གྱི་འཕོངས་ག་ནས།།

རྟ་རྐྱང་དཀར་འཚེར་ཞོར་རི་ཟོམ་བརྒལ།།

རོགས་ཆུང་ལོ་བོར་བ་ཡིན་ནམ་ཅི།།

ཞེ་སྡུག་གི་སྒ་སྲབ་བསྐྱུར་གཏོང་ངོ་།།

ཚེ་གཅིག་གི་སེམས་བསྐྱེད་དེ་ཡིན་ནམ།།

སྐྱེ་གཞུག་མའི་རྨི་ལམ་གང་ནས་གཏོང་།།

གཡུ་དྲུག་ཆག་པའི་ལན་ཆགས་དེ།།

རི་གང་ནས་བཙལ་ལ་གང་ནས་རྙེད།།

བསམས་བསམས་ན་སྙིང་རླུང་འཚུབ་ཡོང་ངོ་།།

ལས་སྔོན་མའི་འཕྲོ་མ་ལོས་ཀྱང་ཡིན།།

བྲག་དམར་པོ་གན་གི་ཕར་ཁ་ནས།།

བྱ་ཁུ་བྱུག་གཡས་སྐོར་བྱེད་ལ་ལྟོས།།

མཚོ་མཚེའུ་ཡོད་ནི་ལོས་ཀྱང་ཡིན།།

ལས་འདི་འདྲ་མ་ཞིག་ཡོད་རྒྱུ་ན།།

ཕོ་ང་རང་ཡང་ཐོག་ཉི་མ་ཡིན།།

རྟ་ཁྱོད་ཀྱང་སྟེང་ཐོག་ཟླ་བ་རེད།།


  • ལེ་ཚན་སྔོན་མ།:ཡིབ་ལ་ཉེ་བའི་མི་ཚེ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།