རྟ་མགྲིན་རྡོ་རྗེས་བསྒྱུར། 2022-03-30
ད་ཆར་ལི་ཐང་རྫོང་འབོ་པ་སློབ་ཆུང་གི་ལོ་རིམ་དང་པོ་ནས་གསུམ་པའི་བར་གྱི་སློབ་མ་རྣམས་དགའ་ཤིང་སྤྲོ་བའི་ངང་ནས་འབོ་སྐེད་གྲོང་ཚོའི་བོད་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ཐོན་རྫས་ལས་སྣོན་དང་ཆེད་ལས་ཞབས་ཞུའི་མཉམ་ལས་ཁང་དུ་ཡོང་ནས་ས་ནག་རྫ་བཟོའི་བཟོ་རྩལ་ལ་ལྟ་སྐོར་བྱས་ཏེ་ཡིད་དབང་འཕྲོག་པའི་དམངས་ཁྲོད་ཀྱི་ཤུལ་བཞག་རིག་གནས་ཉམས་སུ་མྱོང་བ་རེད།
སློབ་གྲྭ་དེའི་དགེ་རྒན་དབྱང་ཞུའེ་ལགས་ཀྱིས་གཏམ་རྒྱུད་ཡིད་དུ་འོང་བ་ནས་ས་ནག་རྫ་ཆས་བར་གྱི་རྒྱུན་འཛིན་དང་འཕེལ་རྒྱས་གླེང་ནས་སློབ་མ་རྣམས་ལ་རེ་རེ་བཞིན་འབོ་པ་ས་ནག་རྫ་ཆས་ཀྱི་འབྱུང་ཁུངས་དང་ལོ་རྒྱུས། བཟོ་རྩལ། རྒྱུན་འཛིན། འཕེལ་རྒྱས་སོགས་དང་དེ་བཞིན་འཚོ་བའི་ཁྲོད་ཀྱི་སྤྱོད་སྒོ་སོགས་ལ་འགྲེལ་བཤད་བརྒྱབ་པ་རེད། ས་ནག་རྫ་ཆས་ཀྱི་དགེ་རྒན་བསོད་ནམས་དབང་ཆེན་ལགས་ཀྱིས་སློབ་མ་ཚོར་ས་ནག་རྫ་ཆས་ཀྱི་རྒྱུ་ཆ་འདེམས་ལུགས་དང་བཟོ་སྐྲུན་བརྒྱུད་རིམ་སོགས་ངང་རྒྱུད་རིང་པོས་འགྲེལ་བཤད་བྱས་པར་མ་ཟད་བཟོ་སྐྲུན་གྱི་བརྒྱུད་རིམ་རེ་རེ་བཞིན་ཁྲིད་སྟོན་བྱས། དགེ་རྒན་གྱིས་ཁྲིད་སྟོན་བྱས་རྗེས་སློབ་མ་ཚང་མས་བྲེལ་འཚུབ་ངང་རྫ་ཆས་བཟོ་བའི་བརྒྱུད་རིམ་རེ་རེ་བཞིན་ཉམས་ལེན་བྱས་པ་རེད།
ཉམས་ལེན་བྱས་རྗེས་སློབ་མ་ཚོས་རང་ཉིད་ཀྱི་མྱོང་ཚོར་གླེང་བ་རེད། སློབ་མ་རིག་འཛིན་སྒྲོལ་མས་རྫ་ཆས་ནག་པོ་བཟོ་སྐྲུན་བྱེད་སྐབས་བལྟས་ཚོད་ཀྱིས་ལས་སླ་མོ་ཡོད་ཀྱང་། དངོས་སུ་བཟོ་སྐྲུན་བྱེད་སྐབས་ས་འདེམས་པ་དང་། འདམ་བག་བརྫི་བ། འདམ་བག་གནོན་པ། སྐོར་འཐེན་སོགས་ལས་རིམ་མང་པོ་བརྒྱུད་དགོས་པར་མ་ཟད་བཟོ་སྐྲུན་བརྒྱུད་རིམ་ཁྲོད་ཀྱི་གོམ་སྟབས་ཚང་མ་ཞིབ་ཚགས་ཡིན་དགོས་ཞེས་བཤད་པ་རེད།
རིག་གནས་ཀྱིས་སེམས་ཁམས་བསྐྱེད།། ལག་ལེན་གྱིས་བདེན་པ་རྟོགས།། ཞེས་པ་ལྟར། བྱེད་སྒོའི་ཐོག་མའི་དམིགས་འདུན་སྐོར་གླེང་སྐབས་སློབ་གཙོ་ཀརྨ་ཚེ་རིང་གིས་ངལ་རྩོལ་སློབ་གསོའི་སློབ་ཚན་དེ་ལག་ཤེས་བཟོ་རྩལ་ཁང་དུ་སྤེལ་སྐབས་སློབ་མའི་མཐོང་རྒྱ་སྔར་བས་ཆེ་རུ་ཕྱིན་ནས་སློབ་མའི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་འགྲོ་བར་སྐུལ་མ་ཐེབས་པ་དང་ལག་ལེན་དངོས་བརྒྱུད་ནས་སྲོལ་རྒྱུན་རིག་གནས་ཀྱི་སྙིང་བཅུད་ཉམས་སུ་མྱོང་ཐུབ་ཅེས་བཤད་དོ།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10