རང་རྒྱལ་གྱི་དམངས་འཚོའི་ཚོང་ཟོག་གལ་ཆེན་གྱི་འབོར་ཚད་འདང་ངེས་དང་གོང་ཚད་བརྟན་པོ་ཡོད་ཅིང་། ཉེན་ཁ་དང་འགྲན་རྩོད་དག་ལ་ཁ་གཏད་གཅོག་པའི་ནུས་པ་ཡོད་པ།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2022-03-31

 མིག་སྔའི་ཆར། ཏོག་གསར་གློ་ཚད་རིམས་ནད་དང་ས་ཁུལ་གྱི་གདོང་ཐུག་སོགས་ཀྱི་རྐྱེན་པས། གོ་ལ་ཧྲིལ་པོའི་ཚོང་ཟོག་ཆེ་གྲས་ཀྱི་གོང་ཚད་རྒྱུན་མཐུད་དུ་འཕར་བཞིན་ཡོད། ལས་རིགས་ནང་ཁུལ་གྱི་རིགས་གཅིག་མཁས་ཅན་མང་པོས། རང་རྒྱལ་གྱི་འབྲུ་དང་སྣུམ་དང་ཤ་དང་སྒོ་ང་དང་སྔོ་ཚལ་སོགས་དམངས་འཚོའི་ཚོང་ཟོག་གལ་ཆེན་དག་འདང་ངེས་དང་གོང་ཚད་བརྟན་པོ་ཡོད་ཅིང་། འཛད་སྤྱོད་ཁྲོམ་ར་ཁག་ལ་ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་གཅོག་པའི་ནུས་པ་ལྡན་ཡོད་པའི་ངོས་འཛིན་བྱས་ཡོད།

ད་ལོའི་རྒྱལ་སྤྱིའི་ཁྲོམ་རའི་འབྲུ་རིགས་ཀྱི་གོང་ཚད་འཕར་ཤུགས་ཆེན་པོ་ཡོད་པ་དང་། རྒྱལ་ཁབ་མང་པོས་སྔ་རྗེས་སུ་གྲོ་ཕྱིར་གཏོང་བྱ་རྒྱུར་ཚད་བཀག་བཟོ་བའི་སྲིད་ཇུས་བཏོན་ཡོད་པ་དང་། རྒྱལ་སྤྱིའི་ཁྲོམ་རའི་གྲོའི་གོང་ཚད་སྔར་བས་མཐོ་རུ་ཕྱིན་ཡོད། རྒྱལ་སྤྱིའི་ཁྲོམ་ར་དང་བསྡུར་ཚེ་རང་རྒྱལ་གྱི་འབྲུ་རིགས་གོང་ཚད་འཕར་སྟངས་བརྟན་པོ་ཡོད་པ་རེད། ཀྲུང་ཁའེ་ཞིང་ལས་བཟོ་སྐྲུན་སློབ་གླིང་གི་ཞིབ་འཇུག་པ་གཞོན་པ་སྨི་ཅན་གྱིས། རང་རྒྱལ་གྱི་འབྲུ་རིགས་རང་ཁ་རང་གསོ་ཐུབ་ཚད་སྤྱིའི་ཆ་ནས་༩༥%ནང་ཚུན་དུ་རྒྱུན་འཁྱོངས་ཐུབ་ཡོད་པ་དང་། བཟའ་འབྲུ་ཁག་གཅིག་ནང་འདྲེན་བྱས་པ་དག་ནི་གཙོ་བོ་སྣ་རིགས་སྙོམས་སྒྲིག་བྱ་རྒྱུའི་ཐད་སྤྱོད་ཀྱི་ཡོད་པས། རྒྱལ་སྤྱིའི་འབྲུ་རིགས་གོང་ཚད་ཀྱིས་རྒྱལ་ནང་ལ་ཐེབས་པའི་ཤུགས་རྐྱེན་ཆུང་ཆུང་རེད་ཅེས་གསུངས་ཡོད།

བཟའ་སྣུམ་སྐོར་ནས་ཞུས་ན། ན་ནིང་རང་རྒྱལ་གྱི་སྟོན་ཁ་དང་དགུན་ཁའི་པད་ཁའི་འདེབས་ཁྱོན་དེ་སྤྱི་ལོ་༢༠༡༩ལོ་དང་བསྡུར་ན་མུའུ་ས་ཡ་ལྔ་ཡས་མས་མང་དུ་ཕྱིན་ཡོད་པ་དང་། མིག་སྔའི་ཆར་སྐྱེ་འཚར་ཡག་པོ་བྱུང་ཡོད་པ་དང་། སྔོན་དཔག་ལྟར་ན་ཐོན་འབོར་ན་ནིང་ལས་མཐོ་བ་ཡོང་རྒྱུ་ཡིན་པ་རེད། དུས་ཡུན་རིང་བ་དང་འབྲིང་བའི་ཐད་ནས་བལྟས་ན། རྒྱལ་ནང་གི་རྩི་ཤིང་ལས་བཟོས་པའི་བཟའ་སྣུམ་མཁོ་སྤྲོད་འདང་ངེས་ཡོད་པ་རེད། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གྲོང་གསེང་གོང་འཕེལ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ལི་གོ་ཞང་གིས། དཔྱིད་འདེབས་འགོ་ཚུགས་ཟིན་ཡོད། ད་ཡོད་ཁྲོམ་རའི་གནས་སྟངས་ཡག་པོ་ཡོད་ཅིང་རྒྱལ་ཁབ་ལ་སྲིད་ཇུས་ཡོད་ལ། ཞིང་པ་རྣམས་ཀྱིས་ཀྱང་འབྲུ་རིགས་གཙོ་བོའི་ཐོན་སྐྱེད་དམ་འཛིན་བྱ་རྒྱུར་དང་དོད་བྱེད་པ་དང་ཆབས་ཅིག ང་ཚོས་ཀྱང་ལུགས་དང་མཐུན་པའི་སྒོ་ནས་རྨོ་ཞིང་ངེས་གཏན་ཞིག་སྲན་ཆེན་དང་མ་བཅོས་རྒྱུ་ཆ་འདེབས་འཛུགས་ཐད་སྤྱད་ཡོད་པས། རྒྱལ་སྤྱིའི་ཁྲོམ་ར་བརྟན་པོ་ཡོང་རྒྱུའི་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་རེད་ཅེས་གསུངས་ཡོད།

གཞན་ད་དུང་། རང་རྒྱལ་གྱི་སྒོ་ངའི་ཁྲོམ་རའི་མཁོ་སྤྲོད་འདང་ངེས་ཡོད་ཅིང་། གཞི་རྩའི་ཆ་ནས་རང་ཁ་རང་གསོ་ཐུབ་ཀྱི་ཡོད། འོ་མའི་རིགས་འདང་ངེས་ཡོད་ཅིང་། ཁྲོམ་རའི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད། སྔོ་ཚལ་མཁོ་སྤྲོད་འདང་ངེས་ཡོད་ཅིང་། གོང་ཚད་ཀྱང་ནམ་དུས་རང་བཞིན་གྱིས་ཆག་འགྲོ་བཞིན་ཡོད། མིག་སྔའི་ཆར་ཤིང་འབྲས་ཀྱི་གོང་ཚད་དེ་ནམ་དུས་དང་བསྟུན་ནས་འཕར་ཕྱིན་ཡོད། རྗེས་མཐུད་དུ་དཔྱིད་ཀ་དང་དབྱར་ཁའི་སྐབས་སུ་སྨིན་པའི་ཤིང་འབྲས་ཁྲོམ་རར་འདོན་པ་དང་བསྟུན་ནས་ཤིང་འབྲས་ཁྲོམ་རའི་མཁོ་སྤྲོད་མང་དུ་འགྲོ་རྒྱུ་དང་། གོང་ཚད་བརྟན་པོའི་ཐོག་མར་ཆག་རྒྱུ་ཡིན་པ་རེད།

  • ལེ་ཚན་སྔོན་མ།:གཏམ་བཟང་། ལོ་3མན་གྱི་ཕྲུ་གུ་དམར་འབྱར་ལྟ་སྐྱོང་གི་མི་སྒེར་གྱི་ཐོབ་ཁྲལ་གྱི་ཆེད་དོན་ཟུར་སྣོན་འཕྲི་འཐེན་བྱ་རྒྱུ་རེད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10