ཚན་རྩལ་ལ་བརྟེན་ནས་ཕྱུག་ལམ་དུ་བསྐྱོད་ཐབས་བརྩོན།

ཀུན་དགས་བསྒྱུར།        2022-04-06

ཕྱག་ཕྲེང་རྫོང་གིས་གཞི་རིམ་དུ་ཚན་རྩལ་ཁྱབ་གདལ་བཏང་ནས་དཔྱིད་རྨོད་ལས་ཀར་བསྐུལ།

ཚན་རྩལ་ལ་བརྟེན་ནས་ཕྱུག་ལམ་དུ་བསྐྱོད་ཐབས་བརྩོན།
ཞིང་ལས་ལག་རྩལ་མི་སྣས་ཡུལ་མིར་འགྱིག་ཤོག་འགེབས་སྟངས་སློབ་བཞིན་པའི་ཚུལ།

ཉིན་འགའི་སྔོན། ཕྱག་ཕྲེང་རྫོང་ས་གོང་ཡུལ་ཤོག་སེར་པ་གྲོང་སྡེའི་ཞིང་ནང་དང་མུ་ཁར། ཡུལ་མི་མང་པོས་རྫོང་ཚན་རྩལ་མཐུན་ཚོགས་ཀྱི་ལག་རྩལ་པའི་མཛུབ་ཁྲིད་འོག་ལས་ཀ་ལས་བཞིན་ཡོད། ལ་ལས་ས་སོབ་སོབ་བྱེད་པ་དང་འགའ་ཞིག་གིས་ཞིང་ཆུ་འདྲེན་པ། ཡང་འགའ་ཤས་ཀྱིས་ས་བོན་བཏབ་མ་ཐག་པའི་ཚལ་ཞིང་སྟེང་ལ་འགྱིག་ཤོག་འགེབས་བཞིན་པའི་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་ཡོད།

རྒྱང་བསྒྲགས་སློབ་ཁྲིད་སྤེལ་ནས་ཞིང་པའི་དོགས་ཡོད་གནད་དོན་གསལ་བཀྲོལ་བྱས།

ཚང་མས་ཉོན་དང་། དཔྱིད་རྨོད་ཐོན་སྐྱེད་ནི་འཚོ་བའི་འགྲོ་ལུགས་ཤིག་དང་རིམས་ཚུལ་འགོག་ཟོན་ནི་དོན་ཆེན་ཞིག་ཡིན་པས་ཚང་མས་ཐོན་སྐྱེད་དང་རིམས་འགོག་གཉིས་ཆ་ནས་དོ་སྣང་བྱ་རོགས་ཞེས་པའི་སྐད་ཆ་ནི་གསར་བ་ཡུལ་ཤོག་གསར་བ་གྲོང་སྡེའི་རྒྱང་བསྒྲགས་ཆུང་ངུའི་ནང་ནས་གྲག་བྱུང་། དེ་ནི་དཔྱིད་རྨོད་ཐོན་སྐྱེད་སྐབས་སུ་རིམས་འགོག་མི་བརྗེད་པར་ཐོན་སྐྱེད་དང་རིམས་འགོག་གཉིས་ཆ་ནས་འཐུས་ཤོར་མི་འགྲོ་བར་དྲན་སྐུལ་བྱས་པ་རེད།

ད་ལོའི་དཔྱིད་རྨོད་སྐབས་སུ། རྫོང་ཚན་རྩལ་མཐུན་ཚོགས་ཀྱིས་རིམས་ཚུལ་འགོག་ཟོན་གྱི་བླང་བྱ་དང་ཟུང་འབྲེལ་བྱས་ནས། ཚན་རྩལ་རིགས་གཅིག་མཁས་པ་སྒྲིག་འཛུགས་བྱས་ཏེ་རིམས་ཚུལ་འགོག་ཟོན་དང་དཔྱིད་རྨོད་ཐོན་སྐྱེད་ཀྱི་འབྲེལ་ཡོད་ཤེས་བྱ་ཡུལ་མིས་ཤེས་སླ་གོ་བདེའི་ཡུལ་སྐད་དུ་བསྒྱུར་ནས་སྲིད་འཛིན་གྲོང་སྡེ་ཁག་གི་རྒྱང་བསྒྲགས་ཆུང་ཆུང་དུ་བཏང་ཡོད། དེ་ལྟར་གྲོང་སྡེའི་རིམས་ཚུལ་འགོག་ཟོན་དང་དཔྱིད་རྨོད་ཐོན་སྐྱེད་ཀྱི་ཆ་འཕྲིན་ཞབས་ཞུ་བརྒྱུད་རིམ་ལྡན་པའི་ངང་ཞིང་ནང་དང་མུ་ཁར་ལ་སྤེལ་ཡོད།

དུས་མཉམ་དུ་ལོ་གསར་པའི་དུས་འགོར། རྫོང་ཚན་རྩལ་མཐུན་ཚོགས་ཀྱིས་ཚན་རྩལ་ལས་སྒྲུབ་པ་སྒྲིག་འཛུགས་བྱས་ནས། འཕྲིན་ཕྲན་དྲྭ་ལམ་ཐོག་ནས་གསོ་སྦྱོང་བྱེད་ཐབས་སྤྱད་དེ་ཞིང་ལས་རིགས་གཅིག་མཁས་ཅན་དང་། ཞིང་ལས་རིག་པའི་འབུམ་རམས་པ་གདན་ཞུ་བྱས་ཏེ་འཕྲིན་ཕྲན་ཚོགས་པར་བརྟེན་ནས་དུས་ཐོག་ཏུ་དཔྱིད་རྨོད་ཐོན་སྐྱེད་ཀྱི་དོ་དམ་ལག་རྩལ་ཤེས་བྱ་ཁྱབ་གདལ་བཏང་བར་མ་ཟད། གནད་དོན་བྱུང་སླ་བར་དམིགས་ནས་ཐབས་ཇུས་ཞིབ་ཕྲ་བཏོན་པ་དང་། ཇི་ལྟར་བྱས་ཏེ་ཚན་རིག་དང་མཐུན་པའི་ངང་ཞིང་སྨན་ལུད་རྫས་བེད་སྤྱོད་ལུགས་མཐུན་བྱ་རྒྱུ་དང་ཞིང་སྨན་ལུད་རྫས་དང་སྤུས་ཞན་དབྱེ་འབྱེད་བྱ་རྒྱུར་འགྲེལ་བཤད་ཞིབ་ཕྲ་བརྒྱབ་སྟེ་གྲོང་མིས་ཚན་རིག་དང་མཐུན་པའི་ངང་ཞིང་ལུད་འདེམས་པར་སྤྱོད་གོ་ཆོད་པའི་གྲོས་འགོ་བཏོན་ཡོད།

གསར་བ་གྲོང་སྡེའི་ཡུལ་མི་ཉི་མས་གསར་འགོད་པར། ང་སྒོ་རྩར་སོང་དུས་ནམ་རྒྱུན་གྱི་གོམས་གཤིས་ལྟར་ལག་ཐོགས་ཁ་པར་ཁ་ཕྱེ་ནས་དཔྱིད་རྨོད་ཐོན་སྐྱེད་སྐོར་གྱི་འཕྲིན་ཆུང་ལ་ལྟ་གི་ཡོད། འཕྲིན་ཕྲན་འདི་ཡོད་པས་དཔྱིད་རྨོད་ལས་དོན་སླ་པོར་སོང་ནས་མ་གནས་དམའ་རུ་གཏོང་ཐུབ་པས་དངོས་གནས་ཡག་པོ་འདུག་ཅེས་བཤད།

རྫོང་ཚན་རྩལ་མཐུན་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཏའེ་ཀང་གིས་མང་ཚོགས་ཀྱི་དཔྱིད་རྨོད་ལས་དོན་ཐད་ཀྱི་གནས་སྐབས་དཀའ་ངལ་དུས་ཐོག་ཏུ་མེད་པར་གཏང་ཆེད། ང་ཚོས་ཞིང་ལས་རིགས་གཅིག་མཁས་ཅན་གྱིས་དུས་བཀག་ལྟར་དྲྭ་ཐོག་དང་གཟུགས་ལམ་ནས་གསོ་སྦྱོང་བྱས་པར་ཕུད།རིགས་གཅིག་མཁས་ཅན་ཡང་འཕྲིན་ཕྲན་ཚོགས་པའི་ནང་ཞུགས་ནས་ཞིང་པའི་ཐོན་སྐྱེད་བརྒྱུད་རིམ་ནང་འཕྲད་པའི་དོགས་ཡོད་གནད་དོན་ལ་ལན་བརྒྱབ་སྟེ་དུས་དང་རྣམ་པ་ཀུན་ཏུ་སོན་བཟང་འདེབས་སོན་དང་།ས་དཔྱད་རྫས་ལུད་རྒྱག་པ།གནོད་འབུའི་གནོད་འཚེ་འགོག་བཅོས་སོགས་ཆ་འཕྲིན་ཞབས་ཞུ་བྱས་ནས་མང་ཚོགས་ལ་དུས་དང་རྣམ་པ་ཀུན་ཏུ་ཁྱེར་འཕྲིན་གྱི་རིགས་གཅིག་མཁས་ཅན་ཞིག་ཡོད་པར་བྱས་ཡོད་ཅེས་བཤད།

ཚན་རྩལ་ལ་བརྟེན་ནས་ཡུལ་མིའི་འདེབས་འཛུགས་དོ་དམ་གྱི་རྩལ་ནུས་ཆེ་རུ་བཏང་།

སེར་པ་གྲོང་སྡེའི་ཡུལ་མི་བཀྲ་ཤིས་ཀྱིས་ད་ཆ་ལས་བྱེད་པ་ཚོའི་ལས་ཀ་ཁག་པོ་འདུག། ཁོ་ཚོ་སྒོ་རྩར་ཡོང་ནས་ང་ཚོ་ཞིང་པའི་མི་ཤེས་པའི་གནད་དོན་ཚང་མ་ལ་འགྲེལ་བཤད་གསལ་པོ་རྒྱག་གི་འདུག། སྔོན་ཆད་རྨོ་འདེབས་ཀྱི་སྐབས་སུ། ཚང་མས་ཁྲོམ་རའི་གནས་ཚུལ་གང་འདྲ་ཡིན་པར་མི་བལྟས་ནས་སྲོལ་རྒྱུན་གྱི་རྨོ་འདེབས་བྱེད་ཐབས་སྤྱད་པར་བརྟེན་ཡོང་འབབ་དང་ཚོང་ལམ་ཡག་པོ་མེད་ཅིང་། ད་ཆ་ཚན་རིག་དང་མཐུན་པའི་འདེབས་འཛུགས་བྱེད་དུས་གང་འདེབས་དགོས་མིན་དང་ཇི་ལྟར་འདེབས་དགོས་མིན་ཐད་རྫོང་གི་ལས་བྱེད་པས་དུས་ཐོག་ཏུ་ང་ཚོར་འགྲེལ་བཤད་རྒྱག་གི་ཡོད་ཅེས་བཤད།

ཚན་རྩལ་ལ་བརྟེན་ནས་རོགས་སྐྱོར་གནད་སྨིན་དང་ཡུལ་སྡེ་དར་རྒྱས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་ལ་གཞིགས་ནས། རྫོང་ཚན་རྩལ་མཐུན་ཚོགས་ཀྱིས་རིམས་ཚུལ་འགོག་ཟོན་ཡག་པོ་བྱེད་པ་དང་དུས་མཉམ་དུ་རིམས་འགོག་དང་དཔྱིད་རྨོད་གྲ་སྒྲིག་གི་ཚན་རིག་ཁྱབ་གདལ་རླངས་འཁོར་གྲོང་སྡེར་བཏང་སྟེ་ཡངས་ཤིང་རྒྱ་ཆེ་བའི་ཞིང་ནང་དུ་སྐོར་སྐྱོད་སློབ་ཁྲིད་ཀྱི་གསོ་སྦྱོང་བྱས་ནས་གྲོང་མིའི་འདེབས་འཛུགས་དོ་དམ་གྱི་རྩལ་ནུས་རྒྱུན་མི་ཆད་པར་ཆེ་རུ་བཏང་ཡོད།

ས་གོང་ཡུལ་ཤོག་སེར་པ་གྲོང་སྡེར། ཏའེ་ཀང་གིས་སྣེ་ཁྲིད་དེ་གྲུབ་པའི་རྫོང་ཞིང་འབྲོག་དང་གྲོང་སྡེ་ཅུས་ཀྱི་སྔོ་ཚལ་འདེབས་འཛུགས་ལག་རྩལ་པ་དང་ཞིང་ལས་ཀྱི་རིགས་གཅིག་མཁས་ཅན་དང་བཅས་པ་མི་བདུན་གྱིས་སྔོ་ཚལ་དྲོད་ཁང་ནང་སྔོ་ཚལ་འདེབས་འཛུགས་དང་ལག་རྩལ་མཛུབ་ཁྲིད་བྱས་ནས་ཞིང་དུད་ལ་ཚན་རིག་དང་མཐུན་པའི་སྔོ་ཚལ་འདེབས་འཛུགས་བྱེད་སྟངས་སློབ་པར་མར་ཟད།གྲོང་སྡེ་ཡོངས་ལ་རིན་མི་བླངས་ནས་རིན་གོང་སྒོར1200ལྷག་དང་། མུའུ80ལྷག་ལ་འདང་བའི་སོན་བཟང་སྣ་ཁ8དང་འདྲེས་སྦྱོར་ལུད་རྫས་ཀྱི་དགོས་མཁོ་བསྐངས་ཡོད།

གསར་བ་ཡུལ་ཤོག་གསར་བ་གྲོང་སྡེར། རྫོང་ཚན་རྩལ་མཐུན་ཚོགས་ཀྱི་ལས་དོན་མི་སྣས་ཡུལ་མི་ཚོར་སི་ཁྲོན་ཚན་རྩལ་དྲ་བའི་བསྒྲིགས་སྣེAppབེད་སྤྱོད་བྱེད་སྟངས་བསླབ་པ་དང་། དཔྱིད་རྨོད་ཐོན་སྐྱེད་དང་རིམས་ཚུལ་འགོག་ཟོན་སོགས་ཀྱི་ཚན་རིག་ཁྱབ་གདལ་གྱི་གཙོ་གནད་འགྲེལ་བཤད་བརྒྱབ་པ་དང་འབྲེལ་འཕྲུལ་མིར་འཁྲབ་སྟོན་བྱེད་དུ་བཅུག་སྟེ་ཡུལ་མི་ཚོར་དེང་རབས་ཚན་རྩལ་ལས་བྱུང་བའི་གྲུབ་འབྲས་གསར་པ་ལོངས་སུ་སྤྱོད་དུ་བཅུག་པས་ཡུལ་མི་ཚོའི་དགའ་བསུ་ཆེན་པོ་ཐོབ་ཡོད།

གསར་འགོད་པས་རྫོང་ཚན་རྩལ་མཐུན་ཚོགས་ནས་ཤེས་རྟོགས་བྱུང་བར་གཞིགས་ན།ཡུལ་སྡེ་དར་རྒྱས་གཏོང་རིང་དེང་རབས་ཞིང་ལས་ཚན་རྩལ་ནི་འབྲུ་རིགས་ཐོན་འབབ་ཡག་པོ་ཡོང་རྒྱུར་བསྐུལ་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཡིན་ཞིང་། དེར་བརྟེན་རྫོང་ཚན་རྩལ་མཐུན་ཚོགས་ཀྱིས་ཀྱང་དེང་རབས་ཀྱི་ཚན་རྩལ་དེ་ཞིང་ལས་ཐོན་སྐྱེད་ཀྱི་ཕྱོགས་ཀུན་ལ་སྤྱད་རྒྱུར་དོ་སྣང་བྱས་ནས་ཀྲུང་དབྱང་དང་ཞིང་ཆེན་དང་ཁུལ་ཞིང་ལས་ཚན་རིག་ཁང་དང་། སློབ་གྲྭ་ཆེན་མོའི་བར་གྱི་མཉམ་ལས་བྱ་རྒྱུར་ཧུར་བརྩོན་བྱས་ཏེ་འདེབས་འཛུགས་དང་།ས་ལུད།ལས་སྣོན་སོགས་རིག་ཚན་མང་བའི་ཞིང་ལས་ཚན་རིག་ཚོགས་པའི་མཉམ་ལས་དང་མཉམ་འགུལ་ལ་ཤུགས་བརྒྱབ་སྟེ་འདེབས་འཛུགས་བྱེད་སྟངས་རྒྱུན་ཆད་མེད་པར་གསར་བརྗེས་བྱས་ནས་ཡུལ་སྡེ་དར་རྒྱས་ཡོང་བར་རམ་འདེགས་བྱས་པ་རེད།།



  • ལེ་ཚན་སྔོན་མ།:གསེར་རྟ་རྫོང་གིས་དཔྱིད་རྨོད་ཞིང་ལས་རྒྱུ་ཆ་མཁོ་སྤྲོད་ཡག་པོ་བྱས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།