ཚོགས་དྲུག་གི་ཁམས།

གུ་དཔལ་ཤིས།        2022-04-06

མིག་འདིས་མཐོང་བའི་འཇིག་རྟེན་ཤིན་ཏུ་མཛེས།།

རྣ་འདིས་ཉན་པའི་རོལ་མོ་སྙན་ཞིང་འཇེབས།།

སྣ་འདིས་སྣོམ་པའི་དྲི་མ་རབ་ཏུ་ཞིམ།།

ལྕེ་འདིས་མྱོང་བའི་བྲོ་བ་ཧ་ཅང་མངར།།

ལུས་འདིས་རེག་པའི་རེག་བྱ་ཅི་འདྲའི་འཇམ།།

ཡིད་འདིས་དྲན་པའི་ཁྱོད་རང་ངོ་མ་ཡག།

ཞེ་རུ་ཚེས་པའི་ཉི་ནུབ་ཡི་གར་སྙན།།

ལྕེ་ཡིས་རེག་པའི་ཁྱོད་རང་ཅི་འདྲའི་ཡག།

རྣ་རུ་ལྷུང་བའི་གྲིབ་མ་ཡིད་དུ་འོང་།།

ལུས་ཀྱིས་སྣོམ་པའི་ངག་སྒྲོས་སྙན་འཇེབས་འཁྲོལ།།

མིག་ཏུ་བབ་པའི་ནང་སེམས་ཤིན་ཏུ་སྐྱིད།།

སྣ་བའི་བུ་གར་སིམ་པའི་སྣང་བ་ཞིམ།།

སེམས་དེས་བསམས་པའི་འཁོར་བ་ཤིན་ཏུ་ཉོག།

ལུས་དེས་རེག་པའི་རེག་བྱ་ཧ་ཅང་རྩུབ།།

ལྕེ་དེས་མྱོང་བའི་བྲོ་བ་རབ་ཏུ་ཁ།།

སྣ་དེས་ཚོར་བའི་དྲི་མ་དངོས་གནས་བཙོག།

རྣ་དེས་ཉན་པའི་ཆོ་ངེ་འཇིགས་རུང་ཆེ།།

མིག་དེས་རིག་པའི་རང་ཉིད་ཅི་འདྲའི་ངན།།

འུ་གཉིས་མིག་གི་ཡུལ་ནས་འཛོམས་ཏེ་འོང་།།

ང་གཉིས་རྣ་བའི་གྲོང་ནས་ཡལ་ཏེ་སོང་།།

ཁོ་ཚོ་སྣ་ཡི་ཚོར་ཤེས་ཉམས་སུ་ཤོར།།

ཁྱེད་གཉིས་ལྕེ་ཡི་བྲོ་བ་འགགས་ཏེ་འདུག།

ཁོ་གཉིས་ལུས་ཀྱི་སྣང་བ་ནུབ་སྟེ་ཐལ།

ང་ཚོ་ཡིད་ཀྱི་རྫོང་ནས་རྙེད་ཐབས་བྲལ།།



  • ལེ་ཚན་སྔོན་མ།:མུ་ནས་མུ་རུ་འབྲི།
  • ལེ་ཚན་རྗེས་མ།:ཉི་མཚམས་ཀྱི་གླུ།