ཉི་མཚམས་ཀྱི་གླུ།

ཤེས་རབ་འོད་ཟེར།        2022-04-06

ཡིད་འོང་སྒེག་འཕྱོར་གྱིས་བངས་པའི་གདོང་ལྤགས།།

ཉིས་ཤད་ལག་གོར་གྱིས་གང་དུ་འཐེན་འགྲོ།།

ལས་ལ་རྟོད་པ་ཡི་རྐང་རྗེས་མདངས་ཆེན།།

ལྦུ་བ་ཁམ་གང་བཞིན་ལམ་དུ་སོབ་སོབ།།

འོད་ཀྱི་ཆར་པ་དེ་གང་བའི་དབུགས་སུ།།

གསེར་གྱི་ཉི་མ་ཡང་ལམ་ལམ་འཁོར་འདུག།

ཚེ་འདིར་མཆོད་པ་ཡི་གཟུགས་མེད་གདངས་དབྱངས།།

སྙན་ངག་བུ་མོ་དེས་གང་དུ་ཁྱེར་སོང་།།

གནམ་ཁུང་དགོད་དགོད་ཀྱི་ཟླ་ཕྱེད་རེ་ཡང་།།

ཚོར་བའི་གུར་འཁྲིས་སུ་ངང་གིས་འབུད་ཚེ།།

རྩྭ་རྐྱང་འདར་འདར་གྱི་ངང་ཚུལ་དྲོན་མོ།།

ཕལ་བའི་བློ་ཁོག་ནས་རྒྱང་ལ་ཆས་ཁད།།

སྤྲིན་པ་སེར་རོ་དེ་ལྷམ་པ་གཅིག་བྱས།།

རྡུལ་ཚོགས་གྲོང་ཁྱེར་ཀྱང་བསྐྲུས་པ་གཉིས་བྱས།།

གཞུང་ཆུ་རིང་མོ་དེ་གང་བ་གསུམ་གྱིས།།

རྩོམ་གྲོགས་བྱ་ཆུང་དེ་སྙིང་ཁར་གཡུགས་སོང་།།

མེ་ཏོག་ཨུ་དུམ་དག་རྒྱན་དུ་བྱས་ཤིང་།།

བཟོད་མེད་སྤོས་དྲི་ཡིས་ལུས་ཤ་འཁྱུད་པའི།།

ལྷ་ཁང་ཡིད་འོང་ལ་གཟུགས་རིས་སྦྱར་ཡང་།།

ཉི་མའི་རྡུལ་ཕྲ་ལས་གང་ཡང་མི་འདུག།

ས་སྲོད་གྲང་མོ་འདི་སུ་ལ་སྤྲད་ན།།

རྒྱབ་ཀྱི་སྒལ་ཚིགས་ལ་ཀི་རིང་འདེབས་འགྲོ།།

ནང་གི་དབྱངས་མ་ལ་མཆོད་རྫས་བྱས་ན།།

འཕགས་མའི་སྤྱན་ཟུང་གིས་ཁོ་བོ་མི་རྙེད།།

རྔ་ཡུག་རིལ་མ་ཡི་ནུས་མཐུ་སྲས་མོས།།

ཤ་ལ་འཇབ་པ་ཡི་ཀར་ཡོལ་ངོས་སུ།།

པི་ཝང་སྣང་མཐོ་མའི་ཁ་མཆུ་བཤུ་བཞིན།།

ཚིག་གི་བྲག་དཀར་ཡང་ཤར་ལམ་འདྲུད་ཐལ།།

གླུ་ལ་འཛུལ་བ་ཡི་ཅུང་མ་ཆུང་ཆུང་།།

བརྡ་ལ་བབས་བ་ཡི་ཁ་བ་ཡིན་ན།།

འཕགས་མའི་མགུར་རྒྱན་གྱི་ཁུན་བུ་བཀོད་པ།།

འཇམ་འཇམ་གནམ་མཁའ་རུ་ཁྲིད་ནས་གཟིམས་སོང་།།

ཕར་ཀྱོག་ཚུར་ཀྱོག་གི་གདན་རིས་གང་མས།།

ཀ་བའི་ཤ་གསེབ་ཀྱི་སྤང་ཐང་ཡངས་མོར།།

འཁོར་ལོ་ངལ་བ་ཡི་དུང་རྙིང་ཕྲ་མོ།།

དབྱངས་ཀྱི་ཨང་ཀི་རུ་བྲིས་ནས་བུད་སོང་།།



  • ལེ་ཚན་སྔོན་མ།:ཚོགས་དྲུག་གི་ཁམས།
  • ལེ་ཚན་རྗེས་མ།:དྲན་རྩོམ་ཀ་ཁ་ག་ང་།