དྲན་རྩོམ་ཀ་ཁ་ག་ང་།

ཐོར་བུ།        2022-04-06

ཀ་དག་ཆོས་དབྱིངས་མཛེས་མའི་ཕང་བ་རུ།།

ཁ་དོག་རྣམ་པར་བཀྲ་བའི་ལྡིང་ཁང་དུ།།

ག་རེ་འགྲོ་བའི་དོན་ལ་བྱང་ཆུབ་པའི།།

ང་ཡི་ཐུབ་པ་རྫོགས་པའི་སངས་རྒྱས་མཁྱེན།།

ཅ་ཅོའི་སྒྲ་ཡིས་དབེན་པའི་དགོན་པ་རུ།།

ཆ་ལག་ཡོངས་སུ་རྫོགས་པའི་དགེ་རྒན་ལགས།།

ཇ་ཡུན་རེ་ལ་ཐེངས་རེར་དྲན་པ་ཡིས།།

ཉ་བེ་ཉོབ་བེའི་འཚོ་བ་ངལ་ཞིང་དུབ།།

ཏ་ཐའི་བསྟན་སྒོར་ཞུགས་པ་འདི་ལྟ་ཅི།།

ཐ་ན་ཡི་གེ་སྦྱོར་ཀློག་ཤེས་པ་ཡང་།།

ད་ལྟ་བསམས་ན་དགེ་རྒན་ཁོ་ནའི་དྲིན།།

ན་ཚོད་ཅུང་ཙམ་ཤོར་བ་ང་ཡིས་རྟོགས།།

པ་ཊ་ལྟར་མཛེས་རྒན་གྱི་བརྩེ་བ་ཡིས།།

ཕ་ལྟར་ང་ལ་གཅེས་པའི་རྣམ་པ་དེ།།

བ་གམ་སེར་པོའི་འོག་ཏུ་ད་དྲན་ན།།

མ་མེད་བྱིས་པའི་སེམས་བཞིན་སྨེང་བར་འགྱུར།།

ཙ་གེ་ཙུ་གེའི་བྱ་བ་འཆུགས་པ་ན།།

ཛ་དྲག་ཆེ་བའི་སློབ་གསོའི་ལམ་ཁ་ནས།།

ཚ་བཞིན་ཁ་བའི་མི་གཤིས་རྫོབ་པོ་དེ།།

ཝ་ལྟར་ཉམ་ཆུང་ངང་དུ་བཅོས་པ་དྲན།།

ཞྭ་རིགས་འདྲ་མིན་ཁྱོད་ཀྱིས་མི་གྱོན་རུང་།།

ཟ་རིགས་སྣ་ཚོགས་འདྲ་བའི་ཤེས་བྱ་ལ།།

འ་འུར་སྤངས་ཏེ་སྦྱོང་བར་ཉེར་མཁོ་བའི།།

ཡ་མཚན་རྨད་བྱུང་བོད་ཡིག་ཆར་དུ་ཕབས།།

ར་མིན་ལུག་མིན་ཡིག་ངོ་ཟིན་ཙམ་འདི།།

ལ་རྒྱ་ཕྲག་ཏུ་ཁུར་བའི་རྒན་གྱི་དྲིན།།

ཤ་དང་རུས་པའི་གསེབ་ནས་དྲན་ཙ་ན།།

ས་སྟེང་འདི་ནས་སྐྱོ་རོགས་ངས་མ་ལོན།།

ཧ་ཅང་ང་ལ་བརྩེ་བའི་དགེ་རྒན་ཁྱེད།།

ཧ་ཅང་དྲན་དྲགས་མིག་ལས་མཆི་མ་ཤོར།།

ཨ་ལི་ཀ་ལིའི་སྡེབ་སྦྱོར་ལ་བརྟེན་ནས།།

ཨ་མའི་བུ་ཆུང་དྲན་འདྲའི་དབྱངས་འདི་ཤོར།།



  • ལེ་ཚན་སྔོན་མ།:ཉི་མཚམས་ཀྱི་གླུ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།