ང་ཡི་ཨ་མ།

ཁ་བ་སྨྱུག་འཛིན།        2022-04-08

མངལ་དུ་སྦྲུམ་པའི་དགུན་ཞག་དེ་ནས་བཟུང་།།

གཞན་ལས་དཔགས་པའི་དཀའ་སྡུག་ཕྲག་ཏུ་ཁུར།།

ཨ་མ་མཛངས་མ་སེམས་ཀྱི་བདག་མོ་ཉིད།།

ཡབ་མེད་མིང་སྲིང་ཁྱུ་ཡི་དོན་ཆེད་དུ།།

ཁྲག་གི་རྔུལ་ཆུ་བགྲང་ཡས་བཞུར་བཞུར་ནས།།

འཇམ་པའི་ཕྱག་ཟུང་སེར་ཀས་གཏམས་པ་འདི།།

ངས་ནི་བརྗོད་པའི་མཐའ་ཞིག་གང་དུ་མཆིས།།

གངས་ཆར་འདྲེས་པའི་ལོ་ཟླའི་དུས་ཚིགས་སུ།།

ངལ་དུབ་འབུམ་གྱིས་གདུངས་པའི་ཨ་མ་ཁྱེད།།

ཤ་རུས་སྡུག་གིས་བཙིར་ཡང་ངའི་སླད་དུ།།

ནངས་ནུབ་དུས་ཀུན་རྒྱུ་ཞིང་གཞེས་པ་འདི།།

མ་རུ་གྱུར་པའི་འགྲོ་དྲུག་རྣམས་ཀྱིས་ཀྱང་།།

སྡུར་ཚད་མ་ཡིན་ལྷ་ཡི་འཕགས་མ་དངོས།།

རྟག་པར་སེམས་པའི་དཀྱིལ་དུ་བཞེངས་ཏེ་ཡོད།།

ཚ་གདུང་མེ་ཏོག་ཆར་ཆུ་མཁོ་བའི་དུས།།

ཉེ་རིང་མི་འཛེམས་ལམ་སང་རྒྱུ་བའི་མ།།

ཅོལ་ཆུང་བྱིས་པ་ལྷགས་པས་བཅངས་པའི་དུས།།

དྲོན་པོའི་གོས་ལྟེར་བསྙལ་བའི་བྱམས་སེམས་མ།།

དེ་ལྟར་བཅུད་ཟས་ཞལ་གྱིས་མ་བཞེས་ཤིང་།།

གྱོན་ཆས་ཡག་པོ་སྐུ་རུ་མ་བཀླུབས་ཏེ།།

ཅིས་ཀྱང་བུ་ལ་གནང་བའི་ཡུམ་ཆེན་མོ།།

ངལ་དུབ་བྱེ་མའི་ལ་ཆེན་གཅིག་པུས་བརྒལ།།

འཁོར་ནག་འདུ་འཛི་བྱ་བའང་གཅིག་པུས་གཉེར།།

བདག་ནི་རྒྱང་རིང་ཆས་པའི་ལོ་ཟླའི་ཁྲོད།།

ཡུམ་ཆེན་དྲན་པའི་མཆི་མ་འགྲམ་ནས་འཐོར།།

ངུ་ཤུབས་དལ་གྱིས་འཐེན་པའི་ཡུལ་གྱར་བས།།

སྨོན་པའི་པི་ཝང་སྙན་མོ་ཡང་ཡང་འཁྲོལ།།

ཚེ་ཐག་ཆུ་རྒྱུན་འདི་བས་རིང་བར་ཤོག།


  • ལེ་ཚན་སྔོན་མ།:དྲན་རྩོམ་ཀ་ཁ་ག་ང་།
  • ལེ་ཚན་རྗེས་མ།:ཚངས་སྲས་ངག་གི་དཔལ་མོ།