སེམས་ཤུགས་དང་སྟོབས་ཤུགས་ཡོད་ཚད་ཉེན་རྟོག་ལས་དོན་ལ་ཕུལ་བའི་བུད་མེད་ཉེན་རྟོག་པ་ཞིག།

བདེ་ཆེན་དབང་མོས་བསྒྱུར།        2022-04-08

དཀར་མཛེས་རྫོང་སྤྱི་བདེ་ཅུས་གསང་འཕྲིན་བཀོད་འདོམས་ལྟེ་གནས་ཀྱི་ཀྲུའུ་རེན་དཔལ་ལྡན་སྒྲོལ་མའི་གནས་ཚུལ་རགས་བཀོད།

སེམས་ཤུགས་དང་སྟོབས་ཤུགས་ཡོད་ཚད་ཉེན་རྟོག་ལས་དོན་ལ་ཕུལ་བའི་བུད་མེད་ཉེན་རྟོག་པ་ཞིག།
དཔལ་ལྡན་སྒྲོལ་མས་མང་ཚོགས་ལ་གནས་ཚུལ་རྒྱུས་ལོན་བྱེད་བཞིན་པའི་ཚུལ།

དཔལ་ལྡན་སྒྲོལ་མ་ཞེས་པ་ནི་སེམས་ཤུགས་དང་སྟོབས་ཤུགས་ཡོད་ཚད་ཉེན་རྟོག་ལས་དོན་ལ་ཕུལ་བའི་བུད་མེད་ཉེན་རྟོག་པ་ཞིག་གི་མིང་ཡིན་ཏེ། ད་ལྟ་མོས་དཀར་མཛེས་རྫོང་སྤྱི་བདེ་ཅུས་གསང་འཕྲིན་བཀོད་འདོམས་ལྟེ་གནས་ཀྱི་ཀྲུའུ་རེན་གྱི་འགན་འཁུར་བཞིན་ཡོད། ཉེན་རྟོག་གི་ལས་རྐང་དུ་ཞུགས་ནས་ད་ལོའི་བར་ལོ13སོང་ཞིང་། སྔ་རྗེས་སུ་བཀོད་འདོམས་ལྟེ་གནས་དང་ཉེས་དོན་ཉེན་རྟོག་རུ་ཆེན། གསེར་ཆུ་སྟེང་མངགས་གཏོང་ཁང་སོགས་སུ་ལས་ཀ་བསྒྲུབས་མྱོང་བ་རེད། གཞི་རིམ་ལས་དོན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་ལ་ཉེན་རྟོག་པའི་ཆེད་ལས་ལས་དོན་མང་པོ་ཞིག་ལ་རྒྱུས་མངའ་ཤིན་ཏུ་ཆེ།

མོ་ནི་དཀར་མཛེས་རྫོང་གི་རང་ས་རང་ཡུལ་ནས་འཚར་ལོངས་བྱུང་བའི་དཀར་མཛེས་བ་ཞིག་ཡིན་ཞིང་། མོས་རང་གི་ཕ་ཡུལ་ལ་བརྩེ་འདང་ལྷད་མེད་བཅངས་ཡོད། སློབ་ཆེན་གྱི་སྒོ་ཐེམ་འགྲིམ་སྐབས་མོས་གློག་རྡུལ་ཆ་འཕྲིན་འདུ་འགོད་ཀྱི་ཆེད་ལས་ཤེས་བྱ་སློབ་སྦྱོང་བྱས་ཤིང་། བོད་རྒྱ་སྐད་གཉིས་དང་བོད་མདོ་དབུས་ཁམས་ཀྱི་སྐད་སོགས་རོང་འབྲོག་གང་གི་སྐད་ལའང་བྱང་ཆ་ཆེ། མཐུན་རྐྱེན་དེ་དག་ལ་བརྟེན་ནས་མོ་རང་བོད་འབྲེལ་ས་ཁུལ་དུ་སྤྱི་བདེ་ཆ་འཕྲིན་ཅན་འཛུགས་སྐྱོང་དཔུང་སྡེའི་རྐང་འཛིན་པར་གྱུར་ཡོད།

དཔལ་ལྡན་སྒྲོལ་མས་ང་རང་ཉེན་རྟོག་པའི་ལས་རིགས་བདམ་པ་ནི་ཆུང་དུས་ནས་ཉེན་རྟོག་པའི་ལས་རིགས་དེར་དད་གུས་དང་ཡིད་སྨོན་བྱེད་ཀྱི་ཡོད། བོད་རིགས་མང་ཚོགས་ཀྱི་སེམས་སུ་ཉེན་རྟོག་པ་ནི་བཙན་པོ་གཉའ་ནས་རྡུང་། ཉམ་ཆུང་མཐའ་ནས་སྐྱོང་མཁན་བོད་ཀྱི་དཔའ་བོ་གླིང་གེ་སར་རྒྱལ་པོ་དང་འདྲ་ཞིང་ཚང་མས་རང་གཞན་གཉིས་ཀྱི་སྐྱབས་མགོན་དུ་རྩི་བཞིན་ཡོད་པ་རེད་ཅེས་བཤད་ཅིང་། ཉེན་རྟོག་པའི་ལས་དོན་བསྒྲུབས་པ་ནས་བཟུང་དཔལ་ལྡན་སྒྲོལ་མ་ལ་སི་ཁྲོན་ཞིང་ཆེན་མི་དམངས་ཉེན་རྟོག་པ་ཕུལ་བྱུང་དང་། ཁུལ་སྤྱི་བདེ་ཅུས་ཀྱི་གངས་ལྗོངས་སྐུ་སྲུང་དམག་མི་ཆེན་པོ་བཅུ་ཞེས་པ་སོགས་ཀྱི་མཚན་སྙན་ཐོབ་པ་དང་། མི་རང་ལ་བྱ་དགའ་ཨང་གཉིས་པ་ཐེངས་གཅིག་དང་ཨང་གསུམ་པ་ཐེངས་གཉིས། གཟེངས་བསྟོད་ཐེངས་བཞི་བཅས་ཐོབ་མྱོང་ལ། དེ་བཞིན་གཞུང་ཞབས་པ་ཕུལ་བྱུང་ཞེས་པའི་མཚན་སྙན་ཡང་ཐེངས་མང་ཐོབ་མྱོང་།

སེམས་ཤུགས་དང་སྟོབས་ཤུགས་ཡོད་ཚད་ཉེན་རྟོག་ལས་དོན་ལ་ཕུལ་བའི་བུད་མེད་ཉེན་རྟོག་པ་ཞིག།
དཔལ་ལྡན་སྒྲོལ་མ་དང་ལས་གྲོགས་ཚོས་གློག་མིག་བརྒྱུད་ནས་གྱོད་གཞིའི་ཁུངས་སྣེ་འཚོལ་བཞིན་པའི་ཚུལ།

གྱོད་དོན་ཚབས་ཆེན་མྱུལ་ཞིབ་ལས་ཀའི་ཁྲོད་དུ་ཧུར་ཐག་ཞུགས།

སྤྱི་ལོ2012ལོའི་ཟླ་བ8པར་དཀར་མཛེས་རྫོང་དུ་རིན་ཐང་སྒོར་ཁྲི་སྟོང་ལ་ཟིན་པའི་རྐུ་འཕྲོག་གྱོད་གཞི་ཞིག་བྱུང་བས། སི་ཁྲོན་ཞིང་ཆེན་སྤྱི་བདེ་ཐིང་གིས་གྱོད་གཞི་འདི་ལ་ལྟ་སྐུལ་བྱ་རྒྱུའི་མགོ་བརྩམས་ནས་དུས་བཀག་ལྟར་གྱོད་གཞི་འདི་རྩད་ཆོད་དགོས་པའི་བླང་བྱ་བཏོན། དཀར་མཛེས་རྫོང་ཉེན་རྟོག་པས་ཆེད་དོན་ཚོ་ཆུང་བཙུགས་ནས་གྱོད་གཞི་ཞིབ་གཅོད་ཉམས་མྱོང་ཡོད་པའི་དཔལ་ལྡན་སྒྲོལ་མ་ཆེད་དོན་ཚོ་ཆུང་གི་ཁོངས་མིར་བཀོད་སྒྲིག་བྱས། མོ་ནི་ཆེད་དོན་ཚོ་ཆུང་ནང་གི་བུད་མེད་ཉེན་རྟོག་པ་གཅིག་པུ་ཡིན་ལ། མོས་རང་གི་ཉམས་མྱོང་དང་ཤེས་རབ་སྤྱད་ནས་ཆེད་མངགས་ཞིབ་འཇུག་དང་དབྱེ་ཞིབ་ལས་དོན་གྱི་འགན་ཕྲག་ཏུ་ཁུར།

ཆེད་དོན་ཚོ་ཆུང་གིས་མྱུལ་ཞིབ་བྱས་ནས་གྱོད་གཞི་དེ་ནི་ཚོགས་པའི་རྩ་འཛུགས་ཀྱིས་བཟོས་ཡོད་པ་ཤེས་མོད། འོན་ཀྱང་དེའི་སྐོར་གྱི་ཆ་འཕྲིན་ཧ་ཅང་ཉུང་བས་དོགས་ཡོད་མི་སྣ་རེ་རེ་བཞིན་གཏན་ཁེལ་ཞིབ་ཕྲ་བྱ་དགོས་ན་དཀའ་ངལ་ཆེན་པོ་ཡོད། མོས་ཆེད་དོན་ཚོ་ཆུང་གི་མི་དམངས་ཉེན་རྟོག་པ་དང་མཉམ་དུ་ནུས་ཤུགས་ཡོད་རྒུ་བཏོན་ནས་ཆ་འཕྲིན་མྱུལ་ཞིབ་ལས་དོན་ལ་སུན་སྣང་སྤུ་ཙམ་ཡང་མེད་པར་བསྒྲུབས་ནས། གྱོད་གཞི་དང་འབྲེལ་ཡོད་དོགས་ཡོད་ཉེས་ཅན་ཁག་ཅིག་གི་རྗེས་བཙལ་གང་ཐུབ་བྱས། གྱོད་གཞི་འདི་སྔ་ཙམ་རྩད་ཆོད་ཐུབ་པའི་ཆེད་དུ་མོས་གཉིད་ཆགས་ཟས་བརྗེད་ཀྱིས་ལས་ཀ་འདི་ལ་ལྷོད་གཡེང་ཅུང་ཙམ་མེད་པར་འབད་རྩོལ་མཐའ་གཅིག་ཏུ་བྱས་པར་བརྟེན། གྱོད་གཞི་བྱུང་ནས་ཉིན15འགོར་རྗེས་ཉེན་རྟོག་ཆེད་དོན་ཚོ་ཆུང་གིས་གྱོད་གཞི་དང་འབྲེལ་བའི་དོགས་ཡོད་ཉེས་ཅན་གཏན་ཁེལ་རགས་ཙམ་བྱས་ཐུབ་བྱུང་བ་དང་། མོས་ཆེད་དོན་ཚོ་ཆུང་ལ་གཞོགས་འདེགས་ཧུར་ཐག་བྱས་པའི་རྐྱེན་དང་མཉམ་ལས་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་ཆགས་ཡོད་པར་བརྟེན་ནས་མི་རིང་བར་གྱོད་གཞི་དེ་བདེ་བླག་ངང་རྩད་ཆོད་ཐུབ་ཡོད། མོ་ལོ་མང་རིང་ལ་གོང་གི་གྱོད་ཆེན་དེ་འདྲ་མང་པོའི་མྱུལ་ཞིབ་ལས་ཀ་ནང་དུ་ཐེངས་མང་ཞུགས་པར་མ་ཟད། གྲུབ་འབྲས་ཀྱང་བཟང་པོ་ཐོབ་ཡོད།

སྤྱི་བདེ་ཆ་འཕྲིན་ཅན་འཛུགས་སྐྱོང་ལས་ཀའི་ལམ་གསར་འཚོལ།

སྤྱི་ལོ2016ལོར་དཀར་མཛེས་རྫོང་སྤྱི་བདེ་ཅུས་ཀྱིས་ཁྲིམས་ལྟར་བཅོས་སྐྱོང་རྒྱུན་ལྡན་ཅན་འཛུགས་སྐྱོང་བྱེད་པའི་གོ་སྐབས་དམ་དུ་བཟུང་ནས་སྔར་ལས་ལྷག་པར་ཆ་འཕྲིན་ལ་བརྟེན་ནས་ཉེན་རྟོག་འཛུགས་སྐྱོང་དང་ཚན་རྩལ་ལ་བརྟེན་ནས་ཉེན་རྟོག་སྟོབས་ཆེར་གཏོང་བའི་ལམ་བུ་འཚོལ་ཞིབ་བྱས་པ་རེད། དེ་སྔོན་ཁྲེང་ཏུའུ་རུ་ཆ་འཕྲིན་ཅན་འཛུགས་སྐྱོང་སྐོར་སྦྱངས་མྱོང་བའི་དཔལ་ལྡན་སྒྲོལ་མས་མ་བསྐུལ་དང་ལེན་ངང་འགན་འཁྲི་ལྕི་མོ་དེ་ཕྲག་ཐོག་བླངས། མོས་མི་དམངས་ཉེན་རྟོག་པའི་སྣེ་ཁྲིད་དེ་དཔྱད་ཡིག་འབོར་ཆེན་ལྟ་ཀློག་དང་། ཕྱི་ཡི་སྒྲིག་ཆས་དང་ནང་གི་མཁོ་ཆས་སྣ་ཚོགས་ཀྱི་ཞུགས་གྲངས་དམིགས་ཚད་རྒྱུས་ལོན་བྱས་ཤིང་། མནོ་བསམ་ཡང་ཡང་བཏང་ཞིང་ཞིབ་ཆ་ཆེན་པོས་ས་གནས་དེ་གའི་སྤྱི་བདེ་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ནུས་ཤུགས་ཡོད་རྒུས་དཀར་མཛེས་རྫོང་སྤྱི་བདེ་ཅུས་ཀྱི་ཆ་འཕྲིན་ཅན་འཛུགས་སྐྱོང་ལས་དོན་སྤེལ་བ་རེད།

དཀར་མཛེས་རྫོང་སྤྱི་བདེ་ཅུས་ཆ་འཕྲིན་ཅན་གཞུང་ལས་ཁང་བཙུགས་པ་ནས་བཟུང་། མོས་ཐབས་གང་དྲག་ཅི་དྲག་གི་སྒོ་ནས་སྤྱི་བདེའི་ཆ་འཕྲིན་ཅན་གྱི་འདུ་ཤེས་ཁྱབ་གདལ་བཏང་སྟེ། སྤྱི་བདེའི་ཆ་འཕྲིན་ཅན་ལ་བརྟེན་ནས་ཉེན་རྟོག་པའི་ལས་ཀར་སྟབས་བདེར་སོང་བ་དང་ལས་ཆོད་ཆེ་རུ་ཕྱིན་པའི་གནས་ཚུལ་ཐབས་བརྒྱ་ཇུས་སྟོང་ངང་གཞི་རིམ་མི་དམངས་ཉེན་རྟོག་པར་ཤེས་སུ་བཅུག་ཡོད།

ཆ་འཕྲིན་ཅན་འཛུགས་སྐྱོང་བྱས་ནས་ཕན་འབྲས་ཐོན་རྗེས། ལས་ཁུངས་ཡོངས་སུ་ཆ་འཕྲིན་ཅན་འཛུགས་སྐྱོང་བེད་སྤྱོད་ཀྱི་ཁོར་ཡུག་བཟང་པོ་ཞིག་ཆགས་པ་དང་ཆབས་ཅིག། གཞི་རིམ་མངགས་གཏོང་ཁང་གི་གནོན་ཤུགས་ཆུང་དུ་སོང་བ་དང་། གྱོད་གཞི་སྒྲུབ་གཉེར་སྡེ་ཁག་གི་མ་རྩ་ཉུང་དུ་ཕྱིན་ཞིང་ཕན་འབྲས་ཆེ་རུ་སོང་ཡོད་པ་འབྲེལ་མང་ཚོགས་ཀྱི་ཁས་ལེན་ཐོབ་ཚད་ཀྱང་སྔར་ལ་ལྡབ་འགྱུར་ཆེ་རུ་སོང་ཡོད།

དཀར་མཛེས་རྫོང་སྤྱི་བདེ་ཅུས་ཀྱི་ཆ་འཕྲིན་ཅན་འཛུགས་སྐྱོང་ཐད་ལ་ཡར་རྒྱས་མངོན་གསལ་དོད་པོ་བྱུང་བ་དང་ལས་དོན་མང་པོ་ཞིག་ལ་སི་ཁྲོན་ཞིང་ཆེན་ཏང་ཨུ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཁས་ལེན་ཐོབ་པར་མ་ཟད། དཔེ་བཟང་དཔེ་སྟོན་འདུ་འགོད་ཀྱི་གྲས་སུ་ཚུད་དེ་ཁྱབ་གདལ་བཏང་བ་རེད།

ཉེན་རྟོག་པའི་ལས་དོན་ལ་བརྩེ་སེམས་འགྱུར་མེད་བཅངས།

དཔལ་ལྡན་སྒྲོལ་མ་དུས་ཡུན་རིང་པོར་ས་བབ་མཐོ་སར་གནས་ཤིང་ལས་དོན་གྱི་གནོན་ཤུགས་ཆེན་པོ་ཐེབས་ཡོད་པའི་དབང་གིས་སྤྱི་ལོ2010ལོར་མོ་ལ་ནུ་མའི་རྩ་སྐྲན་གྱི་ནད་ངན་ཞིག་ཕོག་པ་རེད། ལོ་གཅིག་གི་རིང་ལ་སྨན་བཅོས་བྱས་རྗེས་ལུས་ཟུངས་ཡོངས་སུ་གསོ་ཐུབ་མེད་ན་ཡང་། ཁོ་རང་ལས་གནས་སུ་བསྐྱར་དུ་ལོག་ནས་སྨན་འཐུང་ཞོར་དང་ལས་དོན་སྒྲུབ་ཞོར་བྱེད་ཆོག་པ་ལས་དམིགས་བསལ་གྱི་ལྟ་རྟོག་གང་ཡང་མི་དགོས་པའི་རེ་འདུན་ཞུས་ཡོད། སྤྱི་ལོ2019ལོའི་ཟླ་བ12པའི་ཟླ་མགོར། ལས་ཁུངས་ཀྱི་རོགས་སྐྱོར་ཡན་ལག་རུ་ཁག་རྫོང་མཁར་དང་ཐག་ཆེས་རིང་ཞིང་། མཚོ་འཕགས་མཐོ་ཤོས་ཀྱི་ཟླ་སྟོད་ཡུལ་ཤོག་ཏུ་རོགས་སྐྱོར་ལས་ཀ་སྒྲུབ་སར་འགྲོ་དགོས་པ་ཤེས་རྗེས། མོས་མ་བསྐུལ་དང་ལེན་ངང་དེར་འགྲོ་འདུན་ཡོད་པའི་རེ་ཞུ་བྱས། གོང་རིམ་ནས་མོས་མཐུན་ཐོབ་རྗེས་མོས་འཕྲལ་མར་རོགས་སྐྱོར་བྱ་ཡུལ་ཁྱིམ་ཚང་ལ་འཚོ་བའི་མཁོ་ཆས་ཉོས་པ་དང་རང་ལ་གསོ་རླུང་དང་ལ་དུག་འགོག་པའི་སྨན་གྲ་སྒྲིག་བྱས་ནས་ལམ་ལ་ཆས། ཆུ་ཚོད་བཞི་ལྷག་ཙམ་གྱི་ལམ་ཐག་བརྒྱུད་རྗེས་ད་གཟོད་ཟླ་སྟོད་ཡུལ་ཤོག་ཏུ་སླེབས། ལམ་དུ་ངལ་དུབ་ཕོག་དྲགས་པས་མོ་རླངས་འཁོར་ལས་འབབ་མ་ཐག་གློ་བུར་དུ་མགོ་ཡོམ་འཁོར་ནས་ས་ལ་འགྱེལ། ལས་གྲོགས་ཚོས་མྱུར་དུ་མོ་བསྐྱོར་ནས་ཡུལ་ཤོག་འཕྲོད་བསྟེན་ཁང་དུ་བསྐྱལ། དྲན་པ་སད་ཚེ། ལས་གྲོགས་ཚོས་ལ་དུག་ཚབས་ཆེན་ཕོག་པ་ནི་གློ་བ་ལ་གནོད་པ་ཆེ་བས་མོར་རང་ཕྱིར་རྫོང་མཁར་དུ་ལོག་དགོས་ཞེས་ཡང་ཡང་བསྐུལ་མོད། འོན་ཀྱང་མོས་ང་རང་ཡུལ་ཤོག་ཏུ་སླེབས་ཟིན་པས་ཁ་གཏད་རོགས་སྐྱོར་བྱ་ཡུལ་ཁྱིམ་ཚང་གི་གནས་ཚུལ་ལ་ཡིན་གཅིག་མིན་གཅིག་ལྟ་རུ་འགྲོ་དགོས་ཞེས་རྒྱུན་འཁྱོངས་མཐའ་གཅིག་ཏུ་བྱས།

དཔལ་ལྡན་སྒྲོལ་མས་སྨྱུག་འཛིན་པར་ཉེན་རྟོག་པ་ཞིག་ལ་མཚོན་ན་བློས་གཏང་དགོས་རྒྱུ་མང་པོ་རེད། ཡང་སྒོས་སུ་བུད་མེད་ཉེན་རྟོག་པ་ཞིག་ཡིན་ན་དེ་ལས་ཀྱང་མང་བ་རེད། ལོ་བཅུ་ལྷག་གི་ཉེན་རྟོག་པའི་འཚོ་བར་ཕྱི་མིག་བལྟས་ན། དུས་ཚོད་དང་བསམ་ཤུགས་ཚང་མ་ཉེན་རྟོག་པའི་ལས་ཀ་འདི་ལ་ཕུལ་ཟིན། ཕ་མ་དང་བུ་ཕྲུག་ལ་ཞབས་ཞུ་དེ་ཙམ་མ་འཇོན་པས་ངོ་གནོང་དགོས་པ་ཞིག་ཡིན་མོད། ཡིན་ན་ཡང་གལ་ཏེ་ང་ལ་ཡང་བསྐྱར་ལས་གནས་ཤིག་གདམ་དུ་བཅུག་ན་ངས་སྔར་བཞིན་ཉེན་རྟོག་པའི་ལས་གནས་འདི་གདམ་རྒྱུ་ཡིན་ཞེས་བཤད་དོ།། 

  • ལེ་ཚན་སྔོན་མ།:ཚན་རྩལ་ལ་བརྟེན་ནས་ཕྱུག་ལམ་དུ་བསྐྱོད་ཐབས་བརྩོན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།