ཚངས་སྲས་ངག་གི་དཔལ་མོ།

ཁྲག་གདོང་།        2022-04-08

འཛུམ་དཀར་གཡོ་བའི་ཞལ་གྱི་པད་མོ་ལས།།

ཟག་མེད་དབྱངས་ཀྱིས་ངག་སྙན་གང་སྨྲ་ཡང་།།

ཆགས་ཐོགས་བྲལ་བ་ཚངས་པའི་ལྷ་མོ་ཁྱེད།།

སྒྱུ་འཕྲུལ་རྫོགས་པའི་ངག་རིག་ལོངས་སུ་སྤྱོད།།

དབྱངས་ལ་སྦྱར་བའི་མ་ངེས་དྲན་གཞུང་གིས།།

སྣང་བ་བཏེགས་ཏེ་ལས་འཕྲོའི་འཛུམ་པ་ལ།།

བཅོས་མིན་བདེ་བ་དབྱངས་སུ་ལྷུང་བའི་དུས།།

འཕགས་མ་མཆོག་ཉིད་ཡིད་དུ་སླར་ཡང་དགྱེས།།

སེམས་པའི་གཏིང་དུ་སྨྲ་བརྗོད་རང་དབང་ཡང་།།

ངག་སྙན་གསོན་པོས་སྒྱུ་འཕྲུལ་མཐའ་ཡས་ཀྱང་།།

རྟོག་བཏགས་བྲལ་བ་ཡིད་དུ་ལྷང་ལྷང་གྲགས།།

གྲགས་པའི་རོལ་མོ་ཡིད་འོང་སྣ་བརྒྱ་འཛོམས།།

འཛོམས་པའི་ནམ་ཟླས་སྙིང་པོའི་ནམ་ཟླ་འཚོལ།།

ལས་སྐལ་སྟོང་དང་རྣམ་སྨིན་བརྒྱ་ཡིས་རྫོགས།།

ཨེ་མ་རྨད་བྱུང་སྣང་བའི་ལན་ཆགས་འཕྲོས།།

བསིལ་བ་བཅས་ཏེ་སེམས་ཀྱི་དབུས་སུ་ཐོགས།།

འཆར་ཡན་ཚོགས་སུ་ལས་སྨོན་ཀུན་དགའ་བ།།

སྙིང་པོ་འཛོམས་པའི་ཡང་སྙིང་འབྱམས་ཀླས་པ།།

འཚོ་བའི་གཞུང་ནས་དྲན་པའི་གཏིང་དུ་ཆགས།།

ཞེན་ཆགས་ཟད་པ་འདོད་ཡོན་ཡོངས་སུ་སྤངས།།

ཉམས་འགྱུར་རེ་རེས་སྣང་ཚུལ་གང་བྱུང་མཚོན།།

སྨྲ་བརྗོད་ཚོགས་ཀྱིས་ལྷིང་འཇགས་རིང་མོ་ལ།།

དབྱངས་ཀྱི་འགྲོས་ཤིག་ནང་སེམས་ཀློང་དུ་རྡོལ།།

མཛེས་སྡུག་བཀོད་པ་སྣ་ཚོགས་མེ་ལོང་ལས།།

ངག་གི་རླབས་མཚོ་དབྱངས་ཀྱི་ལྷ་ལ་བཏེགས།།

སེམས་བསྐྱེད་རིང་མོ་སྣང་བའི་ལན་ཆགས་ལྟར།།

འཛུམ་གྱི་མེ་ཏོག་ནང་སེམས་གཏིང་དུ་ཆགས།།

རྨད་བྱུང་ལང་ཚོར་སྤྲོས་པ་གཟོད་ནས་བྲལ།།

སྙིང་དུ་བཞུགས་ཤིང་འཕགས་མ་གང་ཉིད་ཁྱེད།།

དམ་པའི་ཚིག་གི་དཔལ་ངར་མྱུར་སྩོལ་མཆོག།

ཨེ་མ་ཧོ་ཞེས་མཆོད་བསྔགས་ཡངས་པའི་ཚིག།

མཆོད་ཡོན་ཚབ་ཏུ་རྣམ་དག་སེམས་ཀྱིས་ཕུལ།།


  • ལེ་ཚན་སྔོན་མ།:ང་ཡི་ཨ་མ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།