ནུ་བོར་བསྐུར་བའི་འཕྲིན་ཡིག།

སློབ་མ་ཆོས་མཚོ།        2022-04-13

ངའི་སེམས་དབུས་སུ་གནས་པའི་ནུ་བོ་ལགས།ཁྱེད་རང་ཞིང་ཁམས་དེར་བདེ་ལེགས་སམ།

ནམ་མཁར་སྤྲིན་ནག་འཁྲིགས་པས་ཉི་མའི་འཛུམ་མདངས་ཕྱི་རུ་མངོན་ཐབས་བྲལ་སོང་།ཁྱོད་འགྲོ་ཁར་ང་ལ་བརྗེད་དཀའ་བའི་འཛུམ་མདངས་ཤིག་སྟེར་བ་དེས།ཁྱེད་ཚེ་ལས་འདས་དགོས་ཟེར་བའི་བརྡ་ཞིག་ཡིན་ན་ཐང་།དེ་མིན་ན་ཨ་ཁུ་ཆོས་རྒྱལ་གྱིས་ཕྱི་མའི་ཡུལ་ནས་ལག་གཡུག་བྱེད་ཀྱིན་ཡོད་པ་ཚོར་བ་ཡིན་ནའང་ཐང་།མདོར་ན་ཁྱེད་ཀྱིས་ང་ལ་བརྗེད་ཐབས་བྲལ་བའི་འཛུམ་མདངས་ཤིག་བཞག་སྟེ་བུད་སོང་།གཅེིག་ཟེར་ན་འཛུམ་ཆུང་དེ་ནི་ཁྱེད་ཀྱིས་མི་ཡུལ་འདིར་ཕུལ་བའི་ཆེས་དྭངས་གཙང་གི་ལེགས་སྐྱེས་དང་ཆེས་མཐའ་མཇུག་གི་སྨོན་ལམ་ཞིག་ཡིན་ཡང་སྲིད།

ཁྱེད་ཨ་ཕ་དང་མཉམ་དུ་ཁྱིམ་ནས་ཁ་བྲལ་བའི་འཛུམས་མདངས་དེ་ནི་ཁྱིམ་མི་ཚང་མས་ཅི་འདྲ་བརྗེད་དཀའ་བ་ཞིག་རེད་ཨང་།ང་ལ་མཚོན་ནའང་མི་ཚེ་འདིའི་ཁྲོད་ནས་ཆེས་བརྗེད་དཀའ་བའི་འདས་དོན་ཞིག་ཡིན་ལ་བཟོད་པ་དཀའ་བའི་ཉིན་ཞིག་ཀྱང་ཡིན།སུས་ཀྱང་དྲན་མི་བཟོད་པའི་ཡུལ་ཤུལ་ས་ཁུལ་འདི་ལ་ས་འགུལ་ཆེན་པོ་ཞིག་བྱུང་བ་ནི་ང་ཚོའི་བློ་ལས་འགོངས་པ་ཞིག་རེད་ཨང་།ས་འགུལ་བ་དང་མཉམ་དུ་ཁྱིམ་ཚང་མང་པོ་ཞིག་གི་བདེ་སྐྱིད་ཀྱང་རྩ་བ་ནས་བརླགས་སོང་།

ལོ་དེར།ཁྱེད་ཀྱི་མི་ལོ་ལྔ་ཡི་ཚེ་ཚད་དེ་ནས་མཇུག་རྫོགས་ལ།ཕ་མ་དང་མིང་སྲིང་རྣམས་བསྐྱུར་ནས་བུད་སོང་།ཁྱིམ་མི་རྣམས་ཀྱི་སེམས་པ་སྡུག་གིས་ཁེངས། རྟ་ཕོས་བང་རྩལ་རྒྱུགས་དུས་ངས་ཁྱེད་རང་དྲན་ཞིང་ཞིམ་མངར་འོ་ཇ་འཐུང་དུས་ཁྱེད་རང་དྲན། ཁྱིམ་མི་ལྷན་འཛོམས་ཡོང་དུས་ངས་ལྷག་ཏུ་ཁྱེད་རང་དྲན།ངའི་ཡིད་ལ་ཝ་ལེར་དྲན་ཡོང་བ་ནི་ཁྱེད་ཀྱི་གཟུགས་ཚད་དང་ལྷད་མེད་ཀྱི་གཤིས་ཀ་སྟེ། འདི་དག་ནི་ནམ་ཡང་རྡོ་བརྐོས་རི་མོ་ལྟར་སེམས་སུ་གནས་ཤིང་ནམ་ཞིག་ལ་མཇལ་བར་རེ་ཞིང་སྨོན་རུང་ཁྱེད་རང་གཏན་ནས་མཇལ་ཡ་མི་འདུག།

འོ། ལོ་ངོ་བཅུ་འགོར་སོང་། གལ་ཏེ་ཁྱེད་རང་ད་དུང་མི་ཡུལ་ན་གནས་ཡོད་རྒྱུ་ན། ཕོ་ལོ་བཅོ་ལྔ་ལོན་པའི་ན་གཞོན་རྨི་ལམ་ཅན་ཞིག་ཡིནཁོ་ཐག་རེད། འདང་ཞིག་བརྒྱབ་ན་ཏག་ཏག་དམའ་འབྲིང་ལོ་རིམ་གཉིས་པ་དང་གསུམ་པའི་སློབ་མ་ཞིག་ཀྱང་ཡིན་འོས།འདི་ལྟར་བསམས་ན།གལ་ཏེ་མི་ཡུལ་འདིར་གལ་ཏེ་ཞེས་པ་ཞིག་ཡོད་ན།ངས་ཉིན་དེར་ནུ་བོ་ཁུལ་ཐོག་ཏུ་འགྲོ་རུ་འཇུག་མི་སྲིད།

ནུ་བོ་ལགས། ངས་ཇི་ལྟར་ཁྱེད་རང་སླར་ཁྱིམ་དུ་ལོགས་པའི་རེ་སྨོན་བྱས་ཀྱང་། ཁྱེད་རང་གི་ཞལ་ངོ་དང་སྐད། གཟུགས་སོགས་ཡོད་ཚད་གཏན་ནས་མཐོང་མ་བྱུང་བས། ད་གཟོད་ངས་མཛེས་སྡུག་རྣམ་པ་བཀྲ་བའི་ཡུལ་ཤུལ་གསར་བ་འདི་མིག་གི་རིག་དུས། ཁྱེད་ཀྱིས་ང་ཚོ་ལ་ལང་ཚོ་ངོམ་བཞིན་པ་ཚོར་ཞིང་། ཉིན་མོའི་འོད་ཟེར་གྲོང་ཁྱེར་འདིར་འཕྲོས་དུས་ཁྱེད་ཀྱིས་འཛུམ་ཆུང་ལྷུག་པར་གྲོལ་བ་འདྲ། མཚན་མོའི་གློག་འོད་ལམ་ལམ་འཕྲོ་དུས། ཁྱེད་ཀྱི་རྨི་ལམ་མངོན་འགྱུར་བྱུང་བ་རིག།

ནུ་བོ་ལགས།ཁྱེད་ཀྱི་རྣམ་ཤེས་དང་ལང་ཚོ།ཚེ་སྲོག ཡོད་ཚད་ནས་ཡོད་ཚད་གྲོང་ཁྱེར་འདི་ལ་ཐིམས་ཡོད་པ་ངས་ཤེས་ཡོད།དེ་བས་ཡུལ་ཤུལ་གྲོང་ཁྱེར་གཏན་དུ་གནས་ན། ཁྱེད་ཀྱི་ཡོད་ཚད་བདེ་མོར་བཞག་ཡོད་པའི་ཡིད་ཆེས་བདོག།

ཁྱེད་ལ་གཅེས་པའི་ཨ་ཅེ་ནས་ཕུལ།



  • ལེ་ཚན་སྔོན་མ།:སེང་ཟེའི་རྒྱ་ནག་མ་ཎིར་ཕྱིན་ཚུལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།