རྫོང་འདིས་རི་ཀླུང་སྔོ་ལྗང་བསྐྲུན་པར་ལས་ཀ་འདི་འདྲ་སྒྲུབ།

ཨོ་རྒྱན་གྱིས་བསྒྱུར།        2022-04-12

     རྫོང་འདིས་རི་ཀླུང་སྔོ་ལྗང་བསྐྲུན་པར་ལས་ཀ་འདི་འདྲ་སྒྲུབ།

   ཉེ་དུས་དཔྱིད་དཔལ་སྒེག་མོས་དྲོད་འཇམ་གྱི་གོས་བཟང་མཐོ་སྒང་གི་པང་བར་བསྩལ་བས། འཛམ་གླིང་གི་མཐོ་གྲོང་ཞེས་གྲགས་པའི་ཁམས་ལི་ཐང་གི་ས་གཞི་ཡངས་མོར་རྩྭ་རྩི་ཤིང་གི་ཚེ་སྲོག་ལ་གསོན་ཤུགས་གསར་པ་རྒྱས་པའི་འགོ་བརྩམས། དུས་བཟང་གི་གོ་སྐབས་དང་བསྟུན་ནས་ལི་ཐང་རྫོང་གིས“འོས་འགན་སྡོང་འཛུགས་གཟའ་འཁོར”གྱི་བྱེད་སྒོ་སྤེལ་བ་རེད།

     ལི་ཐང་རྫོང་མཁར་ནི་མཚོ་འཕགས་སྨི4014ཟིན་པས་ས་བབས་མཐོ་ཞིང་གྲང་ཆེ་ལ། གསོ་རླུང་དཀོན་པའི་ས་ཁུལ་ཞིག་ཡིན། ལོ་རེའི་ཆ་སྙོམས་དྲོད་ཚད3℃ཡིན་པ་དང་། མཁའ་རླུང་ནང་གི་གསོ་རླུང་འདུས་ཚད་དེ་མཚོ་འཕགས་དམའ་བའི་སྐམ་སའི་ཕྱེད་ཀ་ཙམ་ལས་ཟིན་མེད། 

     ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་དོན་དོན་འཁྱོལ་ནན་ཏན་བྱ་ཆེད། ལི་ཐང་རྫོང་ཨུས་ལྗང་མདོག་གིས་རི་ཀླུང་ཁེབས་པའི་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་དཔེ་སྟོན་རྫོང་གཏོད་རྒྱུའི་འདུ་ཤེས་ལ་གཞིགས་ནས། དཔྱིད་ཀའི་སྡོང་འཛུགས་ནགས་སྐྲུན་གྱི་དུས་ཚིགས་བཟང་པོར་དམ་འཛིན་བྱས་ཏེ་སྐྱེ་ཁམས་ལྗང་བསྒྱུར་གྱི་ལས་དོན་ནུས་ལྡན་ངང་ལག་བསྟར་བྱ་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ་རེད།

     རྫོང་གི་ལས་ཁུངས་ཆེན་མོ་བཞིའི་འབྲེལ་ཡོད་ལས་བྱེད་པ་དང་། རྫོང་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་ལས་བྱེད་པ་དང་ལས་བཟོ་པ། ཆུང་འབྲིང་སློབ་གྲྭའི་དགེ་སློབ། ཁ་གཏད་རོགས་སྐྱོར་ལས་སྒྲུབ་མི་སྣ། བཅའ་སྡོད་དམག་དཔུང་གི་དཔོན་དམག།སྒེར་གཉེར་བཟོ་ཚོང་ཐེམ་དུད། མཐོ་གྲོང་གྲོང་རྡལ་གྱི་ཞིང་འབྲོག་མང་ཚོགས་བཅས་ཀྱིས་གཅིག་རྗེས་གཉིས་མཐུད་དུ་འཇོར་དང་ལྕགས་ཁེམ་སོགས་ལག་ཆ་ཁྱེར་ནས་སྡོང་འཛུགས་བྱེད་སྒོའི་ཡུལ་དངོས་སུ་ཞུགས་ནས་ནགས་ལས་ཆེད་མཁས་པའི་ངག་བཀོད་ལྟར། སྡོང་པོ་དབོར་བ་དང་། སྡོང་པོ་བཙུགས་སའི་དོང་བརྐོས་པ། ཆུ་འདྲེན་པ་སོགས་བྱས་ནས། སྡོང་ཕྲུག་མང་པོ་བཙུགས་ཏེ་སྔོ་ལྗང་གིས་རི་ཀླུང་ཁེབས་པའི་ལས་ལ་རྩེ་གཅིག་ཏུ་གཞོལ་བ་རེད། 

     ཤེས་རྟོགས་བྱུང་བར་གཞིགས་ན། ལི་ཐང་རྫོང་གིས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་དམིགས་ནས་ཡུལ་ཤོག་དང་གྲོང་རྡལ་ཁག་གིས“མི་རེས་སྐྱེས་ཐུབ་པའི་ལྗོན་ཤིང་རེ་འཛུགས་པའི”བླང་བྱ་ལྟར་སྒོ་ར་སྔོ་འགྱུར་དང་། གྲོང་ཚོ་དང་ཡུལ་ཤོག་གི་འགྲིམ་འགྲུལ་རྒྱུ་ལམ་དུ་མེ་ཏོག་འདེབས་རྒྱུ་དང་འོས་འགན་ཤིང་འཛུགས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་པ་རེད།

     ད་ལོར་ལི་ཐང་རྫོང་གི“འོས་འགན་ཤིང་འཛུགས་གཟའ་འཁོར”གྱིས་རྫོང་མཁར་གྱི་དུང་དཀར་ལམ་དང་། ཉེན་གཡོལ་ཐང་ཆེན། ཚེ་ཆུའི་འགྲམ་སོགས་སྡོང་འཛུགས་ས་ཚིགས་དགུའི་མུའུ380ལྷག་གི་ས་ཁྱོན་དུ་ལྕང་མ་སོགས་སྡོང་ཕྲུག་རྐང46000ལྷག་ཙམ་བཙུགས་པ་རེད། རྫོང་ཡོངས་ཀྱི་འོས་འགན་ཤིང་འཛུགས་བྱེད་སྒོ་མཇུག་སྒྲིལ་རྗེས་ལས་ཁུངས་སོ་སོ་དང་ཡུལ་ཤོག(གྲོང་རྡལ)སྲིད་གཞུང་གིས་ད་དུང་རྒྱ་ཆེའི་ལས་བྱེད་ལས་བཟོ་པ་དང་ཞིང་འབྲོག་མང་ཚོགས་སྒྲིག་འཛུགས་བྱས་ཏེ་རྫོང་གྲོང་དང་། ཡུལ་ཤོག་གྲོང་རྡལ། གླིང་ཁུལ། སྒོ་ར་སྔོ་འགྱུར་ལས་དོན་སྤེལ་ནས་སྔོ་འགྱུར་རྒྱ་ཁྱོན(ས་སྟོང་གི་རྒྱ་ཁྱོན་བཟུང་བ)45%ཡན་ཟིན་པར་བྱ་རྒྱུར་མ་ཟད། གསོམ་སྡོང་སོགས་དུས་བཞིར་ལོ་མ་མི་འཐོར་བའི་ལྗོན་ཤིང་གིས་གསུམ་ཆ་གཉིས་ཡན་དུ་ཟིན་པར་བྱ་དགོས་པ་རེད།



  • ལེ་ཚན་སྔོན་མ།:ཅིན་ཅང་ཆུས་ཀྱིས་བྲག་མགོ་རྫོང་ལ་ལས་གཞི་སྐྲུན་རོགས་བྱས་ཏེ་ལས་འགོ་བརྟན་པོར་བཙུགས།
  • ལེ་ཚན་རྗེས་མ།:དར་མདོས་རིམས་ཚུལ་འགོག་ཟོན་ལས་ཀ་འདི་འདྲ་སྒྲུབ་བཞིན་འདུག།
  • དོ་སྣང་ཆེ་བའི་རྩོམ།