ཕྱག་ཕྲེང་རྫོང་གི་ཡུལ་སྡེ་དར་རྒྱས་གཏོང་བར་ཐབས་མཆོག་མང་པོ་བཏོན།

ཀུན་དགས་བསྒྱུར།        2022-04-11

ད་ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་ལག་བསྟར་བྱེད་པའི་སྔ་འབྲེལ་ཕྱི་མཐུད་ཀྱི་ལོ་ཞིག་ཡིན་ལ།ཡུལ་སྡེ་དར་རྒྱས་ཁྱོན་ཡོངས་ནས་སྤེལ་བའི་འགག་རྩའི་ལོ་ཞིག་ཀྱང་ཡིན། དེས་ན། རང་ཁུལ་གྱི་རྫོང(གྲོང་ཁྱེར)ཁག་གིས་ཡུལ་སྡེ་དར་རྒྱས་ཀྱི་འཆར་འགོད་ཡག་པོ་བཞག་ཡོད། ཉིན་འགའི་སྔོན། ཕྱག་ཕྲེང་རྫོང་གིས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཐབས་མཆོག་རེ་རེ་བཞིན་བཏོན་ཏེ་ཡུལ་སྡེ་དར་རྒྱས་གཏོང་བའི་ལས་དོན་ལ་སྒུལ་ནུས་གསར་པ་ཞིག་སྤྲད་ཡོད།

ཐབས་མཆོག་དང་པོ་སྟེ། སྐར་གསོག་སྒོ་རྩིས་ཚོང་ཁང་བཙུགས་ཏེ་ཡུལ་སྡེ་བཅོས་སྐྱོང་གི་བྱེད་ཐབས་གསར་པ་བཏོད།

སྐར་གསོག་སྒོ་རྩིས་ཚོང་ཁང་སྐོར་བཤད་ན། ན་ལོ་ནས་འགོ་བཙུགས་ཏེ་བཤད་དགོས་ཤིང་། སྐབས་དེར། སྲོལ་ངན་མེད་པར་གཏང་ཆེད། ཕྱག་ཕྲེང་རྫོང་རག་ཝ་ཡུལ་ཤོག་སྡོམ་རྭ་གྲོང་སྡེའི་ལས་དོན་མི་སྣས་གྲོང་སྡེའི་གནས་ཚུལ་ལ་བརྟག་ཞིབ་བྱས་པའི་རྨང་གཞིའི་ཐོག་གྲོས་བསྡུར་ཐེངས་མང་བྱས་མཐར། བྱ་དགའ་ལ་བརྟེན་ནས་བསྒྱུར་བཅོས་ལ་བསྐུལ་བའི་གད་སྙིགས་གཙང་སེལ་གྱི་བྱེད་སྒོ་སྤེལ་རྒྱུའི་ཐག་བཅད། ལོ་དེའི་སྤྱི་ཟླ9པར་ཡུལ་སྲོལ་ཡ་རབས་ལྡན་པའི་སྐར་གསོག་སྒོ་རྩིས་ཚོང་ཁང་དེ་ཚོད་ལྟའི་ངང་བཙུགས་ཡོད།

ཅི་ཞིག་ལ་ཡུལ་སྲོལ་ཡ་རབས་སྐར་གསོག་ཟེར་རམ། གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན།ཡུལ་མིས་འཕྲོད་བསྟེན་གཙང་སྦྲ་དང་ཁྱིམ་ཚང་འཆམ་མཐུན།ཏང་གི་བཀའ་ལ་ཉན་པ།ཏང་གི་བཀའ་དྲིན་ཚོར་བ་སོགས་དཔྱད་ཞིབ་ལས་ཐོབ་པའི་སྐར་གྲངས་དེ་གྲོང་སྡེའི་སྒོ་རྩིས་ཚོང་ཁང་དུ་ཐད་ཀར་ཅ་ལག་དང་བརྗེ་ཆོག་པ་ཞིག་ལ་ཟེར། དུས་རྒྱུན་བཀོལ་སྤྱོད་ཁྲོད། གྲོང་སྡེའི་ཨུ་ལྷན་གཉིས་དང་།གྲོང་སྡེའི་བཅའ་སྡོད་ལས་དོན་རུ་ཁག། ཡུལ་མིའི་འཐུས་མི་ཁག་གཅིག། མགོ་ཞྭ་དམར་པོའི་དང་བླངས་ཡན་ལག་རུ་ཁག་སོགས་ཀྱིས་སྒོ་རྩིས་ཚོང་ཁང་གི་སྐར་གྲངས་དཔྱད་བསྡུར་དང་།སྐར་གྲངས་དང་དངོས་ཟོག་བརྗེ་བ་སོགས་ལས་འགན་འཁུར་བཞིན་ཡོད།

སྐར་གྲངས་དོ་དམ་ཐད། སྡོམ་རྭ་གྲོང་སྡེས་དུད་ཚང་གཙོ་བོ་བྱས་པའི་མང་ཚོགས་གྲོང་སྡེ་འཛུགས་སྐྲུན་དང་།ཁོར་ཡུག་བཅོས་སྐྱོང་།རྒན་བཀུར་གཉེན་གཅེས།ཁྱིམ་མཚེས་ཕན་ཚུན་རོགས་རམ།མི་གཞན་ལ་རོགས་རམ།གོམས་སྲོལ་སྒྱུར་བ་སོགས་ཀྱི་ཤེས་དཔལ་ལག་ལེན་གྱི་བྱེད་སྒོའི་ནང་ཞུགས་བཅུག་ནས་ཟླ་རེར་དཔྱད་བསྡུར་ཐེངས་རེ་བྱེད་ཀྱི་ཡོད།

རག་ཝ་ཡུལ་ཤོག་གི་ཡུལ་དཔོན་ལུའོ་ཅའོ་ཡིས། སྐར་བསོག་སྒོ་རྩིས་ཚོང་ཁང་བཙུགས་པ་དེས་གཞི་རིམ་མང་ཚོགས་གྲོང་སྡེ་བཅོས་སྐྱོང་ལ་ཞུགས་པའི་ནང་གནས་སྒུལ་ཤུགས་འདོན་པ་དང་། ཡ་རབས་དར་སྲོལ་གསར་པ་དར་སྤེལ་བཏང་ནས་མང་ཚོགས་རང་བརྟེན་ངང་ཡུལ་སྡེ་དར་རྒྱས་གཏོང་བའི་གཙོ་ཁྲིད་པ་ཞིག་ཏུ་འགྱུར་རྒྱུར་ཕན་པ་ཡོད། ཕྱིན་ཆད་སྡོམ་རྭ་གྲོང་སྡེའི་ཉམས་མྱོང་བཟང་པོ་དེ་ཡུལ་ཤོག་ཡོངས་སུ་ཁྱབ་གདལ་བཏང་ནས་ཡུལ་སྲོལ་ཡ་རབས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་རྣམ་པ་བཟང་པོ་ཞིག་ཆགས་རྒྱུ་རེད་ཅེས་བཤད།

ཐབས་མཆོག་གཉིས་པ་སྟེ། སྐྱེ་ཁམས་དམངས་ཕྱུག་ཐོན་ལས་ཀྱིས་ཡུལ་སྡེ་དར་རྒྱས་ཀྱི་འཕེལ་རྒྱས་གསར་པར་ཡོང་བར་བསྐུལ།

མི་སེར་ཚོ་ཡུལ་སྡེ་དར་རྒྱས་ཀྱི་ཕན་པ་དངོས་སུ་ལོངས་སྤྱོད་ཐུབ་པར་བྱ་ཆེད།ཕྱག་ཕྲེང་རྫོང་གིས་ཀུ་ཤུ་རྨོད་འདེབས་དང་བོད་ཕག་གསོ་པ་སོགས་མཐོ་སྒང་ཁྱད་ཆོས་དེང་རབས་ཞིང་ལས་གླིང་ཁུལ་དང་སྒྲོ་མདོངས་འོད་ཤུགས་གླིང་ཁུལ་གྱིས་སྐུལ་ཁྲིད་འོག་རྫོང་ཡོངས་ཀྱི་ཞིང་ལས་ཐོན་ལས་དེ་སྐྱེ་ཁམས་འབྱུང་འཕྲོད་ཕྱོགས་སུ་བསྒྱུར་བ་དང་།འདེབས་གསོའི་འཁོར་རྒྱུག་ཕྱོགས་སུ་བསྒྱུར་བ།ཀོང་ཀྲོའུ་ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཕྱོགས་སུ་བསྒྱུར་བ་བཅས་བྱས་ཏེ་སྐྱེ་ཁམས་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་དང་ཞིང་འབྲོག་ཕྱུག་འགྱུར་ཡོང་བར་བསྐུལ་ཡོད།

ཐོན་ལས་ཀྱི་རྟེན་གཞི་སྟོབས་ཆེར་གཏང་རྒྱུ་ནི་གཞི་རྩའི་དམ་འཛིན་བྱ་གཞི་ཞིག་ཡིན། རྫོང་དེས་གླིང་ཁུལ་གྱི་འགན་གཙང་བླངས་པའི་ས་ཞིང་འོས་འཚམ་གཅིག་སྡུད་བྱ་རྒྱུར་ཚན་རིག་དང་མཐུན་པའི་ངང་ཁྲིད་སྟོན་བྱས་ཏེ་དེང་རབས་ཞིང་ལས་ཀྱི“6+2”ཐོན་ལས་མ་ལག་གི་འཆར་འགོད་བཀོད་སྒྲིག་ལ་དམིགས་ནས་གླིང་ཁུལ་གྱི་ཐེག་ནུས་ཆེ་རུ་བཏང་བ་དང་། འདེབས་གསོའི་འཁོར་རྒྱུག་ཞིང་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་འབྲེལ་སྤུས་ཚད་སྔོན་ལ་ཞིང་ལས་དར་རྒྱས་གཏང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཕྱག་ཕྲེང་བོད་ཕག་དང་བོད་བྱ། ཀུ་ཤུ་སོགས་ཐོན་རྫས་གསུམ་དང་ས་ཁམས་མཚོན་རྟགས་གཅིག་རེ་ཞུ་བྱེད་པའི་ལས་དོན་བསྒྲུབས་ནས་ཞིང་ལས་ཐོན་རྫས་ཀྱི་སྐད་གྲགས་ཆོད་ཚད་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།

ལས་སྣོན་ཞིབ་འཇུག་དང་གསར་སྤེལ་ཏན་ཏིག་བྱ་རྒྱུ་ནི་རྒྱུ་རྐྱེན་གཙོ་བོ་ཡིན། རྫོང་དེས་ཕྱག་ཕྲེང་ཁྱད་ཐོན་ལས་སྣོན་གཅིག་སྡུད་འཕེལ་རྒྱས་གླིང་ཁུལ་ལྟེ་བར་བྱས་ནས་ཞིང་ལས་ལས་སྣོན་ཁེ་ལས་ནང་འདྲེན་བྱས་ཏེ་རྒུན་ཆང་དང་།བོད་ལི།ཀུ་ཤུའི་སྐྱུར་ཁུ་སོགས་ཐོན་རྫས་ལས་སྣོན་ཐོན་སྐྱེད་འཁོར་ཁང་བསྐྲུན་ནས་ཐོན་རྫས་ཞིབ་འཇུག་གསར་སྤེལ་བྱས་ཏེ་གཉེར་སྐྱོང་མ་ལག་ཆེ་རུ་བཏང་ཡོད།

ཞབས་ཞུའི་འདེགས་སྐྱོར་ཡག་པོ་བྱ་རྒྱུ་ནི་ཕུགས་ཀྱི་འགན་ལེན་ཡིན། རྫོང་དེས་ཚོང་འགུགས་མ་འདྲེན་གྱི་བྱེད་ཐབས་བཏོན་ནས་ཚོང་འགུགས་མ་འདྲེན་གྱི་ཞབས་ཞུའི་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ་ཚན་རྩལ་ཞབས་ཞུའི་ཆེད་མངགས་ཚོགས་པ་དང་།ཞིང་ལས་སྐོར་སྐྱོད་ཞབས་ཞུའི་ཡན་ལག་རུ་ཁག་ཆུང་བ།ཞིང་ཆེན་ཞིང་ལས་ཚན་རིག་ཁང་གི་རིགས་གཅིག་མཁས་ཅན་སོགས་གདན་དྲངས་ཏེ་ཚན་རྩལ་གྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད།

ཞིང་ལས་ཡོང་འབབ་འཕར་བར་སྐུལ་འདེད་གཏང་རྒྱུ་ནི་མཐར་ཐུག་གི་དམིགས་ཡུལ་ཡིན། བསྡོམས་རྩིས་བྱས་པར་གཞིགས་ན།2021ལོར་རྫོང་དེའི་ཞིང་ལས་ཐོན་ལས་གླིང་ཁུལ་གྱིས་མང་ཚོགས་ལས་མིར་སྐུལ་ཁྲིད་བྱས་ནས་ཡོང་འབབ་སྒོར་ཁྲི350འཕར་བ་དང་། འདེབས་འཛུགས་དུད་ཚང་ལ་ཆ་སྙོམས་སྒོར་ཁྲི1.8རག་ཡོད། འོད་ཤུགས་དང་འབྲོག་ལས་གསོ་ཚགས།འོད་ཤུགས་དང་སྐྱེ་ཁམས་སླར་གསོ།འོད་ཤུགས་དང་ཐུན་མོང་དཔལ་འབྱོར་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་ཞིང་དུད162ཀྱི་ས་ཞིང་བོགས་བཏང་ནས་ལོའི་ཡོང་འབབ་སྒོར་ཁྲི100ལྷག་ཙམ་དང་།ངལ་ནུས་ཡོང་འབབ་སྒོར་ཁྲི123དང་། ཐུན་མོང་དཔལ་འབྱོར་ཡོང་འབབ་སྒོར་ཁྲི4.6བཅས་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད།

ཐབས་མཆོག་གསུམ་པ་སྟེ། འཚོ་སྡོད་ལ་འཚམ་པའི་ཁྱིམ་གཞིས་དྲོན་མོས་ཡུལ་སྡེ་ཁྱོན་ཡོངས་ནས་དར་རྒྱས་གཏོང་འགོ་ཚུགས།

ཡུལ་སྡེ་དར་རྒྱས་ལ་སྐུལ་བའི་ལས་དོན་ཁྲོད“དངུལ་ཁུག”མཐུག་པོར་ཆགས་པ་དང་དུས་མཉམ་དུ་ཕྱག་ཕྲེང་རྫོང་གིས་ད་དུང་སེམས་སྐྱིད་པོ་ཡོང་བར་མཐོང་ཆེན་བྱས་ནས་འཚོ་སྡོད་ལ་འཚམ་པའི་ཁྱིམ་གཞིས་དྲོན་མོ་བསྐྲུན་པ་དང་།ཡུལ་སྡེ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བ་བྱས་ཏེ་མཐུན་སྒྲིལ་དང་། ཕྱུག་འབྱོར་དང་།ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་གྲོང་སྡེ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད།

ལས་ཀ་དངོས་ཀྱི་ནང་། རྫོང་དེས་ཕྱག་ཕྲེང་དམངས་སྲོལ་བབ་ཆགས་དང་སྤྱི་ཚོགས་རིག་གནས་སྣང་ཚུལ་སོགས་ཀྱི་ལེགས་ཆ་སྤྱད་ནས། “ཞིང་སྡེའི་བོད་ཁང་དཀར་པོ•དྭངས་གཙང་གི་ཤམ་པ་ལའི”སྤུས་རྟགས་བཏོད་དེ་དམངས་ཁྲོད་རིག་གནས་ཀྱི་གཞི་རྒྱུ་ཟབ་ཏུ་བཏང་ཡོད། ཀྲུང་གོའི་བོད་ཁང་དཀར་པོའི་འབྱུང་ཡུལ་ཞེས་པའི་མིང་བྱང་སྤྱད་དེ་དམངས་ཁྲོད་རིག་གནས་བགྲོ་གླེང་ཚོགས་འདུ་སོགས་བྱེད་སྒོ་རབ་དང་རིམ་པར་སྤེལ་ནས་སྲོལ་རྒྱུན་རིག་གནས་ཀྱི་སྙིང་བཅུད་འགྲེམས་སྟོན་བྱས་པ་དང་འབྲེལ། དེང་རབས་ཚན་རྩལ་བྱ་ཐབས་ལ་བརྟེན་ནས་དམངས་སྲོལ་རིག་གནས་ཀྱི་རིག་དངོས་བརྒྱུད་རིམ་ལྡན་པའི་ངང་སྲུང་སྐྱོང་བྱས་ཡོད།

དེ་དང་ཆབས་ཅིག། རྫོང་དེས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོ་བཅངས་ནས་དུས་རབས་གསར་པའི་ཡུལ་སྲོལ་ཤེས་དཔལ་འཛུགས་སྐྱོང་གི་བྱ་སྤྱོད་ཆེན་པོ་བཅུ་དམ་འཛིན་བྱ་གཞིར་བྱས་ཏེ་ཉེ་འགྲམ་གྱི་མི་བཟང་དང་ཤེས་དཔལ་གྲོང་སྡེ་སྐྲུན་པའི་བྱེད་སྒོར་སྐུལ་འདེད་གཏིང་ཟབ་བཏང་སྟེ་གྲོང་སྡེའི་ཡུལ་སྲོལ་བཟང་པོ་བཏོད་པ་དང་།གྲོང་སྡེའི་གནས་སྡོད་ལ་འཚམ་པའི་ཆུ་ཚད་མཐོ་རུ་བཏང་བ།གྲོང་སྡེ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་བཏང་བ་བྱས་ཡོད།

གླེང་རིན་ཡོད་པ་ཞིག་ནི་རྫོང་དེས་རྒྱལ་ཡོངས་ཀྱི་གྲོང་སྡེ་བཅོས་སྐྱོང་དཔེ་སྟོན་ཁུལ་གྲོང་སྟོད་གྲོང་སྡེ་དཔེ་སྟོན་དུ་བྱས་ནས་གྲོང་སྡེ་བཅོས་སྐྱོང་བྱས་ཤིང་། མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་ཚོར་བ་དང་།མེས་རྒྱལ་ལ་དགའ་ཞེན།ཁྲིམས་སྲུང་བ་བཅས་བྱ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ་རང་སྐྱོང་དང་།ཁྲིམས་སྐྱོང་།སྤྱོད་སྐྱོང་བཅས་ཟུང་འབྲེལ་གྱི་གྲོང་སྡེ་བཅོས་སྐྱོང་མ་ལག་དང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་སྟེ་གྲོང་སྡེ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་བཏང་ཡོད། ད་སྔའི་བར་རྫོང་ཡོངས་མང་ཚོགས་ཀྱི་རེ་ཞུ་ཐག་གཅོད་བྱེད་ཚད་བརྒྱ་ཆ100ལ་ཟིན་ཡོད་པ་རེད།།

  • ལེ་ཚན་སྔོན་མ།:རྩིས་ཐོ་དམར་སྔོན་བཟོས་ཏེ་ཆུང་ས་ནས་ཡུལ་སྡེ་བཅོས་སྐྱོང་བྱེད་པའི་ཕན་འབྲས་ཆེ་རུ་བཏང་།
  • ལེ་ཚན་རྗེས་མ།:ལི་ཐང་རྫོང་གིས་རྩྭ་སྔོན་སྐམ་པོ་ཏུན150སྤྲད་ནས་གནོད་འགོག་ཕྱུགས་སྲུང་བྱས།
  • དོ་སྣང་ཆེ་བའི་རྩོམ།