རེ་སྐད།

ཙ་ཡུས་བཟོད་པ།        2022-04-11

མནོ་བསམ་རྣལ་མ་ཞིག་གིས་སྐྱ་ཐིག་ཅིག་འཐེན་ཏེ།།

ལས་གཞི་དྭངས་མོ་ཞིག་གིས་མགོ་རྐང་དེ་སྒྲིག་བཞིན།།

རིགས་མཐུན་རྨུ་ཐག་དཀར་པོའི་སྲོག་རྩ་རང་དམིགས་ཀྱིན།།

དཀའ་ཚེགས་ཀློང་ན་འཕྱན་པའི་བྱེད་ལས་དེ་ཤེས་དགོས།།

སྐུལ་ལྕག་དྭངས་མོ་ཞིག་གིས་གཡབ་མོ་རེ་གནང་སྟེ།།

འོ་སྐོལ་ལམ་ཁ་ཡངས་པར་རེ་སྨོན་རེ་འཆང་བཞིན།།

མོས་མཐུན་ལས་གྲོགས་ཡོངས་ལ་དགའ་འབོད་དེ་བྱེད་ཀྱིན།།

ཕ་ཡུལ་ལྗོངས་ལ་བརྣག་པའི་བསམ་གཞིག་དེ་ཤེས་དགོས།།

ལུས་ཚེགས་ངར་མོ་བཙན་ཡང་གདོང་ལེན་རེ་བྱས་ཏེ།།

སྲིད་ཞུ་ཨེ་འཁྱོངས་སྙམ་སྟེ་རྒྱུ་ཚེགས་རེ་འབུལ་བཞིན།།

ལས་དོན་ཡང་དག་ཞིག་ལ་བློ་ཕུགས་རེ་གཏོད་ཀྱིན།།

རེ་སྐད་ཡང་ཡང་གཏོང་བའི་ཁ་དོག་དེ་ཤེས་དགོས།།

ལག་ལེན་དངོས་ལ་འཇུག་པའི་ཞེན་སྣང་རེ་འཁོར་ཏེ།།

འཁྲེང་སེམས་གངས་ལ་ཐོགས་པས་དུང་སྣང་དེ་རྒོད་བཞིན།།

མ་སྐུལ་དང་དུ་ལེན་པའི་འགན་འཁྲི་དེ་བརྣག་ནས།།

རེ་འབོད་མཐོངས་སུ་གྱེར་བའི་ངང་ཚུལ་དེ་ཤེས་དགོས།།

འབད་འབུངས་རེ་འབྲས་རང་ཅག་སྟེང་ལ་རང་བཅངས་ཏེ།།

ཞེ་དཀར་འོ་སྤྲི་མངར་མོའི་བཅུད་བཟང་དེ་ལྡག་བཞིན།།

རང་ནུས་ཅི་ལྕོགས་ལས་དོན་ཕྲན་བུ་རེ་བསམས་ནས།།

རང་འགན་འཕྲལ་ཕུགས་སྡེ་ལ་འཇུག་འདོད་དེ་ཤེས་དགོས།།

ལེགས་ཉེས་ཅི་འབྱུང་ཆོད་སེམས་བརྟན་པོ་རེ་ཡོད་སྐད།།

ལོ་ཟླའི་འཁོར་མོའི་བར་ནས་ཞེ་སེམས་རེ་བཏགས་ཏེ།།

ལས་སྐལ་རང་འགན་བཞེས་པའི་དཔའ་སྤོབས་དེ་རྒོད་ཀྱིན།།

རང་ལམ་རང་འཚོལ་བྱ་བའི་ལས་འགན་དེ་ཤེས་དགོས།།

ཟོལ་སྦྱོར་དྲི་བྲལ་ཞེ་འདང་རི་མོ་རེ་ཕབ་སྟེ།།

ང་དང་ཁ་བའི་ལྗོངས་ལ་རྡོག་ཁྲེས་ཤིག་འཁུར་བཞིན།།

འོག་འགྱུ་རྩ་ནས་བྲལ་བའི་བདེན་ཞེན་ལ་འཇུས་ནས།།

གཞོགས་འདེགས་ནུས་པའི་ཁ་དོག་གཤའ་མ་དེ་ཤེས་དགོས།།

ཁེངས་གཏམ་སྲོལ་ངན་མིན་པའི་བདེན་གཏམ་རེ་བརྗོད་དེ།།

དྲང་པོའི་ལམ་ནས་ཞེ་སེམས་གཙང་མ་རེ་འབུལ་བཞིན།།

རེ་སྨོན་དགུང་ལས་མཐོ་བའི་ངང་ཚུལ་དེས་སྐྱོམ་གྱིན།།

ང་དང་གངས་རིའི་ལས་ལ་དམིགས་པ་དེ་ཤེས་དགོས།།

  • ལེ་ཚན་སྔོན་མ།:ཀ་ཕྲེང་བྱིས་པའི་མགུལ་རྒྱན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།