ཧྲེན་དབྱང་གིས་ལོ་རྒྱུས་དེབ་ཐེར་ཡིག་ཚགས་ལས་དོན་ལ་བརྟག་དཔྱད་ཞིབ་འཇུག་གནང་།

ལྷ་འཛོམས་ཀྱིས་བསྒྱུར།        2022-04-13

སྤྱི་ཟླ4པའི་ཚེས8ཉིན། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་ཁུལ་ཨུའི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་དང་ ཁུལ་ས་གནས་ལོ་རྒྱུས་གཞུང་ལས་ཁང་། ཁུལ་ཡིག་ཚགས་ཁང་སོགས་སུ་ཕེབས་ནས་ལོ་རྒྱུས་ཀྱི་དེབ་ཐེར་ཡིག་ཚགས་ལས་དོན་ལ་བརྟག་དཔྱད་ཞིབ་འཇུག་དང་མཛུབ་ཁྲིད་གནང་བ་རེད། ཁོང་གིས་ནན་གསུང་གནང་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཆང་རྒྱུའི་གཙོ་གནད་འདིར་དམིགས་ཏེ“ལོ་རྒྱུས་ཀྱིས་དེང་དཔྱད་དང་སྲིད་སྐྱོང་གིས་མི་སྐྱོང་བར”གཞི་ཚུགས་ཏེ་སྔོག་འདོན་དང་ལེགས་སྒྲིག། སྲུང་སྐྱོང་དང་ཞིབ་འཇུག རྒྱུན་འཛིན། དར་སྤེལ། གཞུང་དྲང་།གསར་གཏོད་བཅས་མཉམ་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས་དུས་རབས་གསར་པའི་ཁུལ་ཡོངས་ཀྱི་ཏང་གི་ལོ་རྒྱུས་དང་ས་གནས། ཡིག་ཚགས་བཅས་ཀྱི་ལས་དོན་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་མཐུན་སྒྲིལ་དང་ཕྱུག་འགྱུར། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྱོང་བྱེད་པར་བྱས་རྗེས་དེ་བས་ཆེན་པོ་འཇོག་དགོས་ཞེས་གསུངས་པ་རེད།

བརྟག་ཞིབ་གནང་རིང་ཧྲེན་དབྱང་གིས་ཁུལ་ཏང་གི་ལོ་རྒྱུས་ཚད་ལྡན་ཡིག་ཆའི་གྲངས་གཞིའི་མཛོད་དང་ཁུལ་གྲངས་གཞི་ཁང་། ཁུལ་ཡིག་ཚགས་ཁང་གི་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞི་སོགས་ལ་དངོས་སུ་གཟིགས་ཞིབ་གནང་བ་དང་། ཏང་གི་ལོ་རྒྱུས་ཞིབ་འཇུག་དང་ཡིག་ཚགས་འཚོལ་བསྡུ། ལོ་རིམ་གསལ་བའི་མེ་ལོང་རྩོམ་སྒྲིག གྲུབ་འབྲས་འགྲེམས་སྟོན་སོགས་ཐད་ཀྱི་གནས་ཚུལ་ཆ་རྒྱུས་ཞིབ་ཕྲ་གནང་བ་རེད། འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བ་དང་སྤེལ་རེས་གནང་སྐབས་ཧྲེན་དབྱང་གིས་སྒྲིག་གཞིའི་འཁོར་སྐྱོད་དང་རྨང་གཞིའི་འཛུགས་སྐྲུན། ཤེས་ཡོན་མི་སྣའི་དཔུང་སྡེའི་ད་ཡོད་གནས་ཚུལ་དང་གནས་པའི་གནད་དོན་སོགས་འདྲི་རྩད་ཞིབ་ཚགས་གནང་བ་དང་། ལོ་རྒྱུས་དེབ་ཐེར་ཡིག་ཚགས་སྡེ་ཚན་གྱིས་ལོ་མང་པོར་བྱས་རྗེས་འཇོག་འདོད་ཆེ་བའི་སྙིང་སྟོབས་དང་དེ་བཞིན་ལྟེ་གནས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་པ་རེད། ཁོང་གིས་ལོ་རྒྱུས་ཀྱི་དེབ་ཐེར་ཡིག་ཚགས་ལས་དོན་ནི་ལོ་རྒྱུས་ཉར་ཚགས་དང་འཕེལ་རྒྱས་ཀྱི་དཔང་པོ་བྱེད་ཡས། སྲིད་སྐྱོང་མི་སྐྱོང་བཅས་ཀྱི་གལ་ཆེའི་ལས་དོན་ཞིག་ཡིན་པས་འགན་འཁྲི་ལྕི་ལ་གཟི་བརྗིད་ལྡན་པ་ཞིག་རེད། ལོ་རྒྱུས་ཀྱི་དེབ་ཐེར་ཡིག་ཚགས་ལས་སྒྲུབ་པས་ཏང་གི་ལོ་རྒྱུས་དང་ས་གནས་ཀྱི་དེབ་ཐེར། ཡིག་ཚགས་ལས་དོན་བཅས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་ཆབ་སྲིད་ཚུགས་གནས་ཆེ་རུ་བཏང་སྟེ་དུས་རབས་གསར་པའི་ལོ་རྒྱུས་ཀྱི་དེབ་ཐེར་ཡིག་ཚགས་ལས་དོན་གྱི་ཆོས་ཉིད་དང་ཁྱད་ཆོས་འཕྱུགས་མེད་ཁོང་དུ་ཆུད་པ་བྱས་ནས་ཐོག་མའི་བསམ་འདུན་མི་བརྗེད་པར་ལོ་རྒྱུས་རིག་གནས་རྒྱུན་འཛིན་བྱེད་མཁན་དང་། གསར་བརྗེའི་རིག་གནས་ཁྱབ་སྤེལ་བྱེད་མཁན། ས་གནས་དེ་གའི་རིག་གནས་སྔོག་འདོན་བྱེད་མཁན་ཡག་པོ་ཞིག་བྱ་དགོས། རིམ་ཁག་ཏང་ཨུ་དང་སྲིད་གཞུང་། འབྲེལ་ཡོད་སྡེ་ཚན་གྱིས་མཐོང་ཆེན་བླ་ན་མེད་པ་དང་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ་ལོ་རྒྱུས་དེབ་ཐེར་དང་ཡིག་ཚགས་སྡེ་ཚན་གྱི་དཔུང་སྡེ་འཛུགས་སྐྱོང་དང་ཤེས་ཡོན་པ་གསོ་སྐྱོང་། ཆ་རྐྱེན་ལེགས་བཅོས། འགྲོ་གྲོན་འགན་ལེན་སོགས་ཐད་ཀྱི་དཀའ་ངལ་དངོས་ཐག་གཅོད་བྱེད་རོགས་བྱས་ཏེ་ལོ་རྒྱུས་དེབ་ཐེར་ཡིག་ཚགས་ལས་ཀ་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་མཉམ་དུ་སྐུལ་འདེད་གཏང་དགོས་ཞེས་གསུངས་པ་རེད།

ཁུལ་གྱི་འགོ་ཁྲིད་ཧྲི་ཀང་དང་ཝང་ཡུས་ཆུང་། བསོད་ནམས་གཡང་སྐྱིད། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བརྟག་དཔྱད་ཞིབ་འཇུག་བྱེད་སའི་ནང་ཞུགས་ཡོད་པ་རེད།།



  • ལེ་ཚན་སྔོན་མ།:པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ།
  • ལེ་ཚན་རྗེས་མ།:འདབ་པ་རྫོང་གིས་འཕྲུལ་ཆས་སྤྱད་ནས་ས་ཞིང་གཤིན་པོར་ནས་འདེབས་པར་བྲེལ།
  • དོ་སྣང་ཆེ་བའི་རྩོམ།