རང་ཉིད་བོར་བའི་ལེའུ།

དབྱངས་རྩེན།        2022-04-26

མི་ལ་དཀའ་ངལ་འཕྲད་དུས་བྱ་བ་སྣ་ཚོགས་སྒྲུབ་ངེས་ཏེ་ཐ་ན་རྒྱུན་པར་རྣ་བས་ལན་མང་པོར་གོ་བའི་མི་གཞི་བཟང་པོ་ཡང་ཅི་མི་སྙམ་པའི་ཚུལ་དུ་བཞག། རང་དང་ཁྱིམ་མིའི་ཁེ་ཕན་ཁོ་ན་བསམ། བསམ་དྲགས་པས་བྱ་སྤྱོད་ཀྱང་ཡ་མཚན་དུ་གྱུར། བློ་ཡུལ་ལས་འགོང་ཞེས་བརྗོད་ཀྱང་འོས་སོ་སྙམ།

རྒྱུ་དང་འབྱོར་བས་ཕོངས། འཇོན་ཐང་ཅན་ཡང་དཀོན། རྟེན་ས་མི་དྲག་སྐུ་དྲག་ཆེར་མེད། ཚུར་ལ་ཡོང་སྒོ་ཉུང་ཞིང་མི་གཅིག་པུའི་ནུས་རྩོལ་དང་གླ་ཕོགས་ལ་བརྟེན་པ། ཕར་ལ་ཟས་གོས་དང་སྨན་ཡོན། སློབ་ཡོན་སོགས་ཕྱོགས་གང་མང་ནས་འགྲོ་སྒོ་ཆེ་བ། དེ་ལྟ་བུའི་གནས་བབ་འོག་གནོན་ཤུགས་ཇེ་ཆེ་དང་བློ་ཡང་ཇེ་མང་དུ་འགྲོ། ཁྱིམ་ཚང་དེའི་སྐྱིད་སྡུག་དང་ཁེ་ཕན་གྱི་དོན་དུ་གཞན་གྱི་རྒྱུ་ནོར་གཡོ་ལེན་བྱེད་པ་དང་རང་ཉིད་འབྱོར་བ་དམན་པའི་ངང་ཚུལ་དེ་གསང་ནས་ཡོད་ཉམས་ཀྱིས་རྫིག་རྫིག་དང་ཁ་ཕོ་ཆེ་སྒྲོག་པ། ཚུལ་འཆོས་ལ་སྤྲོ་བས་མི་གཞན་རེ་ཞིག་བསླུ་བྲིད་ཀྱི་དབང་དུ་བསྒྱུར། དེའི་སྟབས་ཀྱིས་བདེན་དོན་དངོས་དུས་ཡུན་ཐུང་ངུའི་ནང་སུ་དང་གང་གིས་ཀྱང་རྟོགས་དཀའ།

བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པའི་སྐྱེ་བོ་ནི་ས་སྟེང་ན་གྲངས་མེད་ཡོད་པས་བགྲང་མི་ལང་། ཡིན་ཡང་རང་གི་གནས་སྐབས་ཁེ་ཕན་ཅུང་ཙམ་རེའི་དོན་དུ་གཞན་མགོ་སྐོར་གཏོང་བའི་བྱ་སྤྱོད་ནི་ཇི་འདྲའི་ཡ་ང་ཞིང་ཡི་མུག་པ་ཞིག་རེད་ཨང་། ཁེ་ཕན་འཐོབ་པའི་སླད་དུ་སུས་ཀྱང་འབད་པ་བྱེད་སྲིད་མོད། རང་གི་དྭངས་གཙང་གི་སེམས་པ་དེ་ནག་ནོག་གི་དྲི་མས་ལྷད་མི་ཉན། བཟང་ངན་གཉི་ག་གོ་ལྡོག་མི་ཉན། རྒྱུ་འབྲས་ཀྱི་ལྟ་བ་འདོར་མི་ཉན། རང་ཚུགས་དང་རང་སྐྱ་ཐུབ་དགོས།



  • ལེ་ཚན་སྔོན་མ།:ཁ་བ་དཀར་པོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།