དཀར་མཛེས་ཀྱིས་མཛའ་བརྩེའི་ལེགས་སྐྱེས་འབུལ་བའི་བྱེད་སྒོ་སྤེལ།

འབྲི་བརྒྱ་ལྷ་མཚོ་བྲིས།        2022-04-25

སྤྱི་ཟླ4པའི་ཚེས13ཉིན། དཀར་མཛེས་རྫོང་ཨུ་དང་རྫོང་སྲིད་གཞུང་གི་མགོ་ཁྲིད་འོག། དཀར་མཛེས་རྫོང་རིག་སློབ་ཅུས་དང་དཀར་མཛེས་རྫོང་གུང་གཞོན་ཚོགས་པ་གཉིས་ཀྱིས་དཀར་མཛེས་རྫོང་མི་རིགས་སློབ་འབྲིང་དུ་དམའ་རིམ་སློབ་འབྲིང་གི་ལོ་རིམ་གསུམ་པ་དང་མཐོ་རིམ་སློབ་འབྲིང་ལོ་རིམ་གསུམ་པའི་མཐར་ཕྱིན་སློབ་མ་རྣམས་ལ་མཛའ་བརྩེའི་ལེགས་སྐྱེས་འབུལ་བའི་བྱེད་སྒོ་སྤེལ་བ་རེད།

དཀར་མཛེས་རྫོང་མི་རིགས་སློབ་འབྲིང་ནི1957ལོར་བཙུགས་ནས་དེང་གི་བར་ལོ་ངོ་དྲུག་ཅུ་རེ་བཞིའི་ལོ་རྒྱུས་ལྡན་པའི་སློབ་གྲྭ་ཞིག་རེད། སློབ་འབྲིང་འདི་རུ་ད་ལྟ་འཛིན་གྲྭ་དྲུག་ཅུ་ཡོད་ལ་དགེ་རྒན་ཉིས་བརྒྱ་བཞི་བཅུ་ལྷག་དང་སློབ་མ་སུམ་སྟོང་བཞི་བརྒྱ་ལྷག་ཡོད། དེའི་ནང་མཐོ་འབྲིང་གི་འཛིན་གྲྭ་དགུ་ཡོད་ལ།སློབ་གྲྭ་འདིའི་ཁྲིད་ཐབས་ལ་ཐུན་མིན་གྱི་དགེ་མཚན་ལྡན་པས་དཀར་མཛེས་ཁུལ་གྱི་ལོ་རེའི་མཐོ་རྒྱུགས་ནང་སློབ་མའི་རྒྱུགས་འཕྲོད་བཟང་ཤོས་ཤིག་གྱུར་ཡོད་ལ།འདི་ནས་སློབ་མཐར་ཕྱིན་པའི་སློབ་མ་ཚོས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་དང་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། སི་ཁྲོན་མི་རིགས་སློབ་ཆེན་སོགས་སུ་སློབ་སྦྱོང་བྱེད་བཞིན་ཡོད་པར་མ་ཟད།སྤྱི་ཚོགས་སྟེང་གི་ལས་ཁུངས་སོ་སོའི་བོད་སྐད་ཡིག་གི་ལས་སྒྲུབ་མི་སྣ་གཙོ་བོ་རུ་གྱུར་ཡོད།

ཐེངས་འདིའི་བྱེད་སྒོ་ནི། གཅིག། དཀར་མཛེས་རྫོང་གུང་གཞོན་ཚོགས་པའི་ཧྲུའུ་ཅི་བྱམས་པ་ཆོས་སྐྱིད་ཀྱིས་མཐར་ཕྱིན་སློབ་མ་རྣམས་ལ་བཤད་རྒྱུར། སློབ་མ་ཞིག་ཡིན་པ་ནས་བཟུང་སྦྱོང་ཚན་ཀུན་ལ་རིས་སུ་མ་ཆད་པའི་སྒོ་ནས་བརྩོན་འགྲུས་བྱ་དགོས་པར་མ་ཟད་གཙོ་གནད་དམིགས་སུ་བཀར་ནས་བསྐྱར་སྦྱོང་བྱེད་དགོས། གནོན་ཤུགས་རྒྱང་དུ་དོར་ཏེ་དཀའ་བ་ཁྱད་དུ་བསད། ངལ་བ་དང་དུ་ལེན་དགོས་པའི་སློབ་སྟོན་བྱས། གཉིས། དཀར་མཛེས་མི་རིགས་སློབ་འབྲིང་གི་སློབ་གཙོ་གཞོན་པ་དཀོན་མཆོག་བློ་གྲོས་ཀྱིས་མཐོ་རིམ་སློབ་འབྲིང་གསུམ་པའི་སློབ་མ་ཚོར་དགེ་རྒན་ལ་བརྩི་མཁས་ཤིང་སྒྲིག་ཁྲིམས་སྲུང་མཁས་པའི་སློབ་བུ་ཡ་རབས་ཀྱི་ཕྱོགས་སུ་བསྐྱོད་དགོས་པའི་སྐུལ་སློང་བྱས་པར་མ་ཟད་རྒྱུགས་གཉིས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བའི་སྨོན་ཚིག་འབུལ་བ་རེད། གསུམ། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་མ་གཡང་སྐྱིད་དཔལ་མོས་རྒྱུགས་སྤྲོད་སྟངས་ཀྱི་ཐབས་ཤེས་དང་རྒྱུགས་མ་སྤྲད་སྔོན་གྱི་བསམ་པའི་གྲ་སྒྲིག་སོགས་ཇི་ལྟར་དགོས་ལུགས་ཀྱི་ཉམས་མྱོང་རབ་དང་རིམ་པ་ངོ་སྤྲོད་བྱས། བཞི། དཀར་མཛེས་གནའ་དཔེ་གསེར་བྲིས་རིག་གནས་ལས་སྒྲུབ་ཁང་གི་ཡིག་གཟུགས་མཁན་བྱམས་པ་རྡོ་རྗེའམ་ཆོས་འགྲུབ་ཚེ་རིང་གིས་ཡིག་གཟུགས་བརྩམས་ཆོས་ལེགས་སྐྱེས་ཕུལ་ཏེ་སློབ་མ་ཚོར་ནུས་ཤུགས་འདོན་རོགས་བྱས། ལྔ། བྱང་ཤར་ནས་ཡོང་པའི་ན་གཞོན་རོལ་དབྱངས་མཁན་ཧྭ་ཏང་གིས༼ གྲལ་མཚེས ༽ ཞེས་པའི་གླུ་དབྱངས་བླངས་ཏེ་མཐར་ཕྱིན་སློབ་མ་ཚོའི་སེམས་ཀྱི་ངལ་དུབ་བསལ་བར་རམ་འདེགས་བྱས།

འབྲིང་རྒྱུགས་དང་མཐོ་རྒྱུགས་ནི་མི་ཚེ་ཁ་ལོ་བསྒྱུར་བའི་ཐེམ་སྐས་ཆེས་ཆེ་བ་ཞིག་ཡིན་ལ། སློབ་ཆེན་ལེགས་པོ་ཞིག་ཏུ་རྒྱུགས་འཕྲོད་རྒྱུ་ནི་ཁྱིམ་བདག་དང་སློབ་མ་ཚོས་རིང་ནས་སྨོན་པའི་ཕུགས་འདུན་དེ་ཡིན། མཇུག་ཏུ་དཀར་མཛེས་རྫོང་མི་རིགས་སློབ་འབྲིང་གི་སློབ་གཙོ་བློ་ཆེན་ཧྭ་དང་དཀར་མཛེས་རྫོང་གུང་གཞོན་ཚོགས་པའི་ཧྲུའུ་ཅི་བྱམས་པ་ཆོས་སྐྱིད་གཉིས་ཀྱིས་མཐར་ཕྱིན་སློབ་མ་ཚོར་རྒྱུགས་ལེགས་པོར་འཕྲོད་པའི་རེ་སྨོན་མཚོན་བྱེད་དུ་སློབ་མ་རེ་ལ་དཔེ་ཁུག་རེ་ལེགས་སྐྱེལ་གནང་བ་རེད།།



  • ལེ་ཚན་སྔོན་མ།: ཁུལ་ཡོངས་ཀྱི་རིག་གནས་དང་རྒྱང་སྒྲགས་བརྙན་འཕྲིན། ཡུལ་སྐོར་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལས་ཀའི་ཚོགས་འདུ་དར་མདོར་འཚོགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10