ཞི་ཅིན་ཕིང་གིས་ཨང་ཀིའི་སྲིད་གཞུང་འཛུགས་སྐྱོང་ཐད་འདི་ལྟར་གསུངས།

        2022-04-24

    ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི། ཀྲུང་དབྱང་གི་ཁྱོན་ཡོངས་བསྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞི་ཅིན་ཕིང་གིས་སྤྱི་ཟླ4པའི་ཚེས19ཉིན་གྱི་ཕྱི་དྲོར། ཀྲུང་དབྱང་གི་ཁྱོན་ཡོངས་བསྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་རྩ་ལྔ་པ་གཙོ་སྐྱོང་གནང་བ་དང་།《ཨང་ཀིའི་སྲིད་གཞུང་འཛུགས་སྐྱོང་ལ་ཤུགས་སྣོན་པའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》དང་།《ཞིང་ཆེན་མན་གྱི་ནོར་སྲིད་སྒྲིག་གཞིའི་བསྒྱུར་བཅོས་ལས་དོན་ལ་སྔར་བས་སྐུལ་འདེད་གཏང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》《མགོ་ཁྲིད་ལས་བྱེད་པ་ལས་གནས་ལས་བྲལ་སྐབས་ཀྱི་རང་བྱུང་ཐོན་ཁུངས་རྒྱུ་ནོར་ལ་རྩིས་བཤེར་གདེང་འཇོག་བྱེད་པའི་དམིགས་ཚད་མ་ལག་འཐུས་སྒོ་ཚང་དུ་གཏང་རྒྱུའི་སྐོར་གྱི་བསམ་འཆར》《ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རིང་དངུལ་རྩས་གསར་གཏོད་མ་ལག་ལ་རྒྱབ་སྐྱོར་བྱེད་པའི་ལས་ཀའི་ཇུས་གཞི་འཐུས་སྒོ་ཚང་དུ་གཏང་བ》《ཚན་རྩལ་སྐུལ་ལྕག་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཤས》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད་པ་རེད།

   ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་སྐབས། སྒོ་ཀུན་ནས་དྲ་རྒྱའི་སྟོབས་ཆེན་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱེད་དགོས་པ་དང་། ཨང་ཀིའི་ལག་རྩལ་ཉིད་སྲིད་གཞུང་གི་དོ་དམ་དང་ཞབས་ཞུའི་ནང་རྒྱ་ཁྱབ་ངང་བེད་སྤྱོད་བྱེད་དགོས་པ།སྲིད་གཞུང་ཨང་ཀི་ཅན་དང་རིག་ནུས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས།ཞིང་ཆེན་མན་གྱི་སྲིད་གཞུང་བར་གྱི་ནོར་སྲིད་འབྲེལ་བ་གསལ་པོ་བཟོས་ནས་དབང་ཆ་དང་འགན་འཁྲི་བཀོད་སྒྲིག་དེ་བས་ལུགས་མཐུན་ཡོང་བ་དང་།ཡོང་འབབ་བགོ་འགྲེམས་སྔར་བས་ཚད་ལྡན་ཡོང་བ། ནོར་ཤུགས་ཁྱབ་རྒྱ་སྔར་བས་དོ་སྙོམས་ཡོང་བ།གཞི་རིམ་ལ་འགན་སྲུང་བྱ་རྒྱུ་སྔར་བས་ནུས་ལྡན་ཡོང་བ་བྱ་དགོས། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་མགྱོགས་མྱུར་འཛུགས་སྐྲུན་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་།གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཡོང་རྒྱུར་སྐུལ་འདེད་གཏོང་བ། སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་བྱ་དགོས།བཅའ་ཁྲིམས་ཁྲིམས་སྲོལ་དང་། གཞུང་དྲང་དྲང་བདེན། ཚན་རིག་ངོས་འཛིན། འགན་དབང་གཅིག་མཐུན།ཚེ་གང་འགན་འཁྲི་བདའ་འདེད་བཅས་ཀྱི་རྩ་དོན་ལག་བསྟར་བྱ་དགོས་པ་དང་། ཚན་རིག་དང་མཐུན་པ།ཚད་དང་ལྡན་པ། ལུགས་དང་མཐུན་པ་བཅས་ཀྱི་རྩིས་བཤེར་གདེང་འཇོག་དམིགས་ཚད་མ་ལག་གཏོད་དེ་མགོ་ཁྲིད་ལས་བྱེད་པས་རང་བྱུང་ཐོན་ཁུངས་རྒྱུ་ནོར་ལ་དོ་དམ་བྱེད་པ་དང་འབྱུང་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ཏན་ཏིག་འཁུར་རྒྱུར་སྐུལ་འདེད་གཏང་དགོས།དངུལ་རྩས་ཚན་རྩལ་གསར་གཏོད་ལ་ཞབས་ཞུ་སྒྲུབ་པའི་ཞན་ཆ་དང་མི་འདང་སར་གཅིག་སྡུད་བྱས་ཏེ་དངུལ་རྩས་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་དངུལ་རྩའི་མ་ལག་དུས་རབས་གསར་པའི་ཚན་རྩལ་གསར་གཏོད་ཀྱི་དགོས་མཁོ་དང་སྔར་བས་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏང་དགོས།འཛམ་གླིང་གི་ཚན་རྩལ་མདུན་གྲལ་ལ་ཕྱོགས་རྒྱུ་དང་། དཔལ་འབྱོར་གྱི་འཐབ་ས་གཙོ་བོར་ཕྱོགས་རྒྱུ།རྒྱལ་ཁབ་ཀྱི་དགོས་མཁོ་ཆེན་མོར་ཕྱོགས་རྒྱུ། མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་ཕྱོགས་རྒྱུ་བཅས་རྒྱུན་འཁྱོངས་བྱ་དགོས་པ་དང་།འགན་འཁྲི་འཁུར་ཕོད་པ་དང་བློ་རྩེ་གཅིག་སྒྲིམ་གྱིས་ཞིབ་འཇུག་བྱེད་པ། རིན་ཐང་གཏོད་པ་བཅས་ཀྱི་སྐུལ་ལྕག་སྟོན་ཕྱོགས་གཏོད་དེ་ཐོག་མའི་གསར་གཏོད་གྲུབ་འབྲས་རྒྱུན་ཆད་མེད་པར་ཐོན་པ་དང་།ཚན་རྩལ་གྲུབ་འབྲས་བརྗེ་སྒྱུར་ནུས་ལྡན་ཐུབ་པར་ཕན་པའི་གསར་གཏོད་ཁོར་ཡུག་གཏོད་པ་དང་། རྒྱ་ཆེའི་ཚན་རྩལ་མི་སྣས་རང་རྒྱུད་ཀྱི་རྩལ་དང་འཇོན་ཐང་ཡོད་ཚད་འདོན་རྒྱུར་སྐུལ་མ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ཨུ། ཀྲུང་དབྱང་གི་ཁྱོན་ཡོངས་བསྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལི་ཁེ་ཆང་དང་ཝང་ཧུའུ་ཉིང་།ཧན་ཀྲེང་བཅས་གྲོས་ཚོགས་ལ་ཞུགས་ཡོད། 

    གྲོས་ཚོགས་ཐོག། ཨང་ཀིའི་སྲིད་གཞུང་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དེ་ནི་སྲིད་གཞུང་གི་བཅོས་སྐྱོང་འདུ་ཤེས་དང་བྱ་ཐབས་གསར་གཏོད་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པས།སྲིད་གཞུང་གི་འགན་ནུས་བརྗེ་སྒྱུར་དང་། ཁྲིམས་སྐྱོང་སྲིད་གཞུང་དང་སྤྱོད་གཙང་སྲིད་གཞུང་། ཞབས་ཞུ་རྣམ་པའི་སྲིད་གཞུང་བཅས་འཛུགས་རྒྱུར་དོན་སྙིང་ཆེན་པོ་ལྡན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ཏང་ཀྲུང་དབྱང་གིས་དྲ་རྒྱའི་སྟོབས་ཆེན་རྒྱལ་ཁབ་འཛུགས་པའི་འཐབ་ཇུས་དང་གྲངས་འཛིན་འཐབ་ཇུས་སོགས་ཀྱི་ཐད་གལ་ཆེན་བཀོད་སྒྲིག་རབ་དང་རིམ་པ་གནང་ཡོད་པ་དང་། ཕྱོགས་ཁག་གི་ལས་དོན་ལ་འཕེལ་རིམ་གསར་པ་ཐོབ་ཡོད། ཏང་གི་ཁྱོན་ཡོངས་འགོ་ཁྲིད་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་རྒྱུན་འཁྱོངས་བྱ་རྒྱུ་དེ་ཨང་ཀིའི་སྲིད་གཞུང་འཛུགས་སྐྱོང་བྱེད་པའི་ཁྱབ་ཁོངས་ཁག་དང་ལྷུ་ཚིགས་ཁག་ལ་ཁྱབ་པར་བྱས་ཏེ་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཡོད།མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་འདོད་འདུན་བསྐང་རྒྱུ་དེ་ཨང་ཀིའི་སྲིད་གཞུང་འཛུགས་སྐྱོང་བྱེད་པའི་འགོ་འཛུགས་ས་དང་མཐར་གཏུག་གི་དམིགས་ཡུལ་དུ་འཛིན་ནས་ཁྱབ་རྒྱ་ཆེ་ཞིང་། རིག་ལྡན་སྟབས་བདེ། གཞུང་དྲང་ཀུན་ཕན་བཅས་ཀྱི་ཨང་ཀི་ཞབས་ཞུའི་མ་ལག་གཏོད་དེ་མང་ཚོགས་ཉུང་ཙམ་རྒྱུག་པ་དང་ཨང་ཀི་མང་ཙམ་རྒྱུག་དགོས། ཨང་ཀིའི་བསྒྱུར་བཅོས་ལ་བསྟེན་ནས་སྲིད་གཞུང་གི་འགན་ནུས་བརྗེ་སྒྱུར་ལ་རོགས་འདེད་བྱ་དགོས་པ་དང་། ལས་རིགས་ཁག་དང་ཁྱབ་ཁོངས་ཁག་གི་སྲིད་དོན་བཀོལ་སྤྱོད་མ་ལག་ལེགས་བསྡུས་འཛུགས་སྐྱོང་དང་། མཉམ་འབྲེལ་མཉམ་མཐུད། མཐུན་སྦྱོར་མཉམ་འགུལ་བཅས་བྱ་རྒྱུར་གཅིག་གྱུར་ཐོག་སྐུལ་འདེད་གཏོང་དགོས་པ། ཨང་ཀི་ཅན་གྱིས་སྲིད་གཞུང་གིས་དཔལ་འབྱོར་སྙོམ་སྒྲིག་བྱེད་པ་དང་ཁྲོམ་རར་ལྟ་སྐུལ་དོ་དམ་བྱེད་པ། སྤྱི་ཚོགས་དོ་དམ་བྱེད་པ། སྤྱི་པའི་ཞབས་ཞུ་བསྒྲུབ་པ། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་སོགས་ཀྱི་འགན་ནུས་ལག་བསྟར་བྱེད་པའི་ཁྲོད་འདེགས་སྐྱོར་གྱི་ནུས་པ་གལ་ཆེན་ཐོན་པ་བྱེད་པ། མཐུན་སྦྱོར་ནུས་མཐོའི་སྲིད་གཞུང་གི་ཨང་ཀི་ཅན་གྱི་འགན་སྒྲུབ་མ་ལག་གཏོད་དགོས། མ་ལག་གི་འདུ་ཤེས་ཤུགས་ཆེར་གཏོང་བ་དང་།ཚན་རིག་དང་མཐུན་ཞིང་ཚད་དང་ལྡན་པའི་ཨང་ཀིའི་སྲིད་གཞུང་འཛུགས་སྐྱོང་བྱེད་པའི་ལམ་ལུགས་སྒྲིག་གཞི་འཐུས་ཚང་འཛུགས་པ།བཅའ་ཁྲིམས་ཁྲིམས་སྲོལ་ལྟར་ཨང་ཀི་མཉམ་སྤྱོད་དང་གོ་རིམ་ལྡན་པའི་ངང་གསར་སྤེལ་བེད་སྤྱོད་བྱེད་པ། ལག་རྩལ་མཉམ་འདྲེས་དང་ལས་སྒོ་མཉམ་འདྲེས། ཨང་ཀི་མཉམ་འདྲེས་ཐུབ་རྒྱུར་གཅིག་གྱུར་སྐུལ་འདེད་གཏོང་བ།བང་རིམ་ལས་བརྒལ་ཞིང་། ས་ཁོངས་ལས་བརྒལ་བ། ཁྱབ་ཁོངས་ལས་བརྒལ་བ། ཚན་པ་ལས་བརྒལ་བ། ལས་སྒོ་ལས་བརྒལ་བ་བཅས་ཀྱི་མཐུན་སྦྱོར་དོ་དམ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས།ཨང་ཀིའི་བདེ་འཇགས་ལ་ཐོག་མཐའ་བར་གསུམ་དུ་དམ་འཛིན་གྱིས་ཨང་ཀིའི་སྲིད་གཞུང་གི་ཆ་ཕྱོགས་ཚང་མའི་བདེ་འཇགས་འགན་སྲུང་མ་ལག་གང་མགྱོགས་གཏོད་དེ་ཨང་ཀིའི་སྲིད་གཞུང་གི་བདེ་འཇགས་དོ་དམ་འགན་འཁྲི་སྒོ་ཀུན་ནས་ཤུགས་ཆེར་གཏོང་དགོས་ཞེས་བསྟན་ཡོད་པ་རེད། 

    གྲོས་ཚོགས་ཐོག། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན།ང་ཚོས་ནོར་ཁྲལ་སྒྲིག་གཞི་བསྒྱུར་བཅོས་ཀྱི་རྩེ་རིམ་ཇུས་བཀོད་ལ་ཤུགས་བསྣན་པ་དང་།ཀྲུང་དབྱང་དང་ས་གནས་ཀྱི་ནོར་སྲིད་འགན་དབང་དང་གཏོང་སྒོའི་འགན་འཁྲི་ཁག་དབྱེའི་བསྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་བ།ཀྲུང་དབྱང་དང་ས་གནས་ཀྱི་ཡོང་འབབ་ཁག་དབྱེ་སྔར་བས་ལེགས་སུ་བཏང་བ། ནོར་སྲིད་བརྗེ་བསྒྱུར་གཏོང་སྤྲོད་ལམ་ལུགས་བསྒྱུར་བཅོས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་བ།འགན་དབང་ཁ་གསལ་དང་། ནོར་ཤུགས་མཐུན་སྦྱོར། ས་ཁོངས་མཐུན་སྦྱོར་བཅས་ཀྱི་ཀྲུང་དབྱང་དང་ས་གནས་ཀྱི་ནོར་སྲིད་འབྲེལ་བ་རིམ་པས་གྲུབ་ཡོད།ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། ཀྲུང་དབྱང་དང་ས་གནས་ཀྱི་ཁྲལ་བགོས་ལམ་ལུགས་ཀྱི་རྩ་དོན་གྱི་སྒྲོམ་གཞིའི་འོག།སྲིད་གཞུང་བར་གྱི་ནོར་སྲིད་འབྲེལ་བ་འཐུས་ཚང་དུ་གཏོང་བའི་གཞི་རྩའི་རྩ་དོན་ལ་བརྩི་སྲུང་ཞུ་བ་དང་།ཞིང་ཆེན་རིམ་པ་མན་གྱི་ནོར་སྲིད་འགན་དབང་དང་གཏོང་སྒོའི་འགན་འཁྲིའི་མཐའ་ཚད་ཁ་གསལ་བཟོ་བ།ཞིང་ཆེན་རིམ་པ་མན་གྱི་སྲིད་གཞུང་བར་གྱི་ཡོང་འབབ་འབྲེལ་བ་ཁ་གསལ་བཟོ་བ། ཞིང་ཆེན་རིམ་པ་མན་གྱི་བརྗེ་བསྒྱུར་གཏོང་སྤྲོད་ལམ་ལུགས་འཐུས་ཚང་འཛུགས་པ།ཞིང་ཆེན་རིམ་པ་མན་གྱི་ནོར་སྲིད་ལམ་ལུགས་ལེགས་སྒྲིག་ལམ་སྲོལ་འཐུས་ཚང་འཛུགས་པ། ཞིང་ཆེན་རིམ་པ་མན་གྱི་ནོར་སྲིད་དོ་དམ་ཚད་ལྡན་དུ་གཏོང་བ་བཅས་བྱ་དགོས།འཐུས་སྒོ་ཚང་བའི་ནོར་སྲིད་ཀྱི་ལམ་ལུགས་བརྒྱུད་ས་གནས་ཀྱི་སྲུང་སྐྱོབ་རིང་ལུགས་མེད་པར་བཟོ་བ་དང་ཁྲོམ་རའི་འགོག་རྐྱེན་སེལ་བ།གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་ལ་འགན་སྲུང་བྱེད་པའི་ལམ་ལུགས་དང་ཚད་གཞིའི་མ་ལག་འཐུས་ཚང་འཛུགས་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་བ།གསར་བརྗེའི་རྟེན་གཞི་རྙིང་པ་དང་། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། གོང་འཕེལ་འགྲོ་འགོར་བའི་ས་ཁུལ་བཅས་ཀྱི་ནོར་སྲིད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ།ས་ཁོངས་ཀྱི་རྒྱབ་སྐྱོར་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། རྫོང་རིམ་པའི་ནོར་ཤུགས་ཀྱི་ཕུགས་ཕན་འགན་སྲུང་སྒྲིག་གཞི་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས།ས་གནས་རིམ་ཁག་སྲིད་གཞུང་གི་ཉེན་ཁ་འགོག་ཟོན་གྱི་འགན་འཁྲི་ནན་དུ་གཏོང་བ་དང་། མི་མངོན་པའི་བུ་ལོན་གྱི་ཉམས་ཉེན་འགོག་སེལ་བྱེད་པའི་ཕུགས་ཕན་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ།མི་མངོན་པའི་བུ་ལོན་གྱི་འཕར་ཚད་མཐའ་གཅིག་ཏུ་ཚོད་འཛིན་བྱེད་པ། སྒྲིག་འགལ་ཁྲིམས་འགལ་ངང་བུན་འཛིན་མ་དངུལ་བསྡུ་རུབ་བྱེད་པའི་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱ་དགོས་པ།  ནོར་དཔལ་སྒྲིག་ལམ་ནན་དུ་བཏང་ནས། ནོར་དཔལ་སྒྲིག་ལམ་ལ་སྲུང་སྐྱོབ་དང་།ནོར་རྩིས་ལྟ་སྡོམ་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་ནན་སྟོན་གནང་འདུག། 

    གྲོས་ཚོགས་ཐོག། མགོ་ཁྲིད་ལས་བྱེད་པ་ལས་གནས་ལས་བྲལ་སྐབས་རང་བྱུང་ཐོན་ཁུངས་རྒྱུ་ནོར་ལ་རྩིས་བཤེར་བྱེད་པའི་ལམ་ལུགས་བཙུགས་པ་དང་། དེ་སྤྱི་ལོ2015ལོ་ནས་ཚོད་ལྟ་བྱས་ཤིང་། 2017ལོ་ནས་ཁྱོན་ཡོངས་ནས་སྤེལ་ཡོད་པས། འབྱུང་ཁམས་ཤེས་དཔལ་ལམ་ལུགས་ལག་བསྟར་ཐད་ལམ་ལུགས་ཀྱི་གཅུན་སྡོམ་ནུས་ལྡན་ཐུབ་ཡོད།མགོ་ཁྲིད་ལས་བྱེད་པའི་ཐོན་ཁུངས་ཁོར་ཡུག་དང་འབྲེལ་བའི་ཇུས་ཐག་གཅོད་པ་དང་ལྟ་སྐུལ་དོ་དམ་བྱེད་པའི་འགན་འཁྲི་ལག་བསྟར་གནས་ཚུལ་ལ་གདེང་འཇོག་བྱེད་པའི་ཚད་གཞི་འཐུས་སྒོ་ཚང་དུ་བཏང་ནས།རང་བྱུང་ཐོན་ཁུངས་ལ་སྲུང་སྐྱོབ་དང་། འབྱུང་ཁམས་ལ་སྲུང་སྐྱོབ་བྱེད་པའི་དམར་ཐིག་དང་།རྨོ་ཤིང་སྲུང་སྐྱོབ་ཀྱི་དམར་ཐིག། སྦགས་བཙོག་འབུད་བཤངས་ཉུང་གཏོང་དང་ཐཱན་འབུད་བཤངས་ཉུང་གཏོང་།ཆུ་དཔོན་དང་མཚེའུ་དཔོན་ལམ་ལུགས་སོགས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཚུལ་གྱི་འབྲེལ་ཡོད་གདེང་འཇོག་དམིགས་ཚད་ནང་འཇུག་དགོས་པ་དང་།ཚན་རིག་དང་མཐུན་པའི་སྒོ་ནས་གདེང་འཇོག་གི་ཚད་གཞི་དང་གདེང་འཇོག་བྱ་ཐབས་བཟོས་ནས། རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་དངོས་ཚན་ཚད་གཞི་དང་། འབྱུང་ཁམས་ཁོར་ཡུག་སྤུས་ཚད་སོགས་འགག་རྩའི་རང་བཞིན་གྱི་སྟོན་ཚད་ཀྱི་ཁྲིད་སྟོན་ནུས་པ་ཤུགས་ཆེར་གཏོང་དགོས་པ།རྒྱལ་ཁབ་ཀྱི་འཆར་འགོད་ནང་གཏན་འཁེལ་བྱས་པའི་ཐོན་ཁུངས་ཁོར་ཡུག་གི་གཅུན་སྡོམ་རང་བཞིན་གྱི་སྟོན་གྲངས་འབུར་དུ་ཐོན་པ་བྱ་དགོས།ས་གནས་ཁག་གི་རང་བྱུང་ཐོན་ཁུངས་ཀྱི་ཁྱད་ཆོས་དང་གཙོ་གཟུགས་བྱེད་ནུས་ཀྱི་ངེས་གནས་ཀྱི་ཁྱད་པར་ལ་གཅིག་གྱུར་ཐོག་བསམ་གཞིགས་བྱས་ནས།སྟོན་གྲངས་བཀོད་སྒྲིག་ཐད་ཚན་རིག་གནད་འཕིགས་ཡོང་བ་བྱ་དགོས། རྩིས་བཤེར་གྱི་ཁྱབ་ཁོངས་དང་ནང་དོན་ཚད་ལྡན་བཟོ་བ་དང་།ཁྲིམས་ལྟར་ཞིབ་བཤེར་དཔང་ལེན་ཐུབ་པའི་དོན་དངོས་ཀྱིས་རྨང་གཞི་བྱས་ནས། རྩིས་བཤེར་གདེང་འཇོག་གི་མཇུག་འབྲས་ཀྱིས་ལོ་རྒྱུས་ཀྱི་ཚོད་བགམ་ཐེག་ཐུབ་པ་བྱ་དགོས་པ།ལྟ་སྐུལ་གྱི་རྣམ་གྲངས་ཁག་སྦྲེལ་མཐུད་མཐུན་སྦྱོར་ཡོང་བ་བྱས་ཐོག། རྩིས་བཤེར་མཇུག་འབྲས་དེ་དཔྱད་དཔོག་དང་། གོ་གནས་བསྐོ་འཐེན། བྱ་དགའ་ཆད་གཅོད་བཅས་ཀྱི་དཔྱད་གཞི་གལ་ཆེན་ལ་འཛིན་དགོས། བྱ་ཐབས་ནུས་ལྡན་སྤྱད་དེ་འབྲེལ་ཡོད་དཔྱད་གཞི་དང་གཞི་གྲངས་ཀྱི་བདེན་པའི་རང་བཞིན་དང་། གནད་འཕིགས་རང་བཞིན། ཆ་ཚང་རང་བཞིན་བཅས་ལ་འགན་ལེན་བྱེད་པ་དང་། ཐོན་ཁུངས་ཁོར་ཡུག་གི་གཞི་གྲངས་རྫུན་བཟོ་བྱེད་པའི་བྱ་སྤྱོད་ལ་འགན་འཁྲི་བདའ་འདེད་གཏོང་དགོས་ཞེས་བསྟན་འདུག། 

    གྲོས་ཚོགས་ཐོག། དངུལ་རྩས་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་པོ་གཏོང་བར།འགག་རྩའི་ལྟེ་བའི་ལག་རྩལ་གྱི་འགག་གཏོར་དང་། ཚན་རྩལ་གྲུབ་འབྲས་བརྗེ་སྒྱུར། ཚན་རྩལ་རྣམ་པ་དང་གསར་གཏོད་རྣམ་པའི་ཁེ་ལས་འབྲིང་གྲས་དང་ཆུང་གྲས།མཐོ་གསར་ལག་རྩལ་ཁེ་ལས་སོགས་ཁྱབ་ཁོངས་གཙོ་བོར་གཅིག་སྡུད་བྱེད་དགོས་པ་དང་། དངུལ་རྩའི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་གྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ།ཚན་རྩལ་ཡིད་རྟོན་དངུལ་བུན་གྱི་ཞབས་ཞུའི་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། གསར་སྤེལ་རང་བཞིན་དང་སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་ལས་ཁུངས་ཀྱིས་འགན་འཁྲིའི་ཁྱབ་ཁོངས་ནང་ཚན་རྩལ་གསར་གཏོད་ལ་ཞབས་འདེབས་ཞུ་བའི་ནུས་པ་ཤུགས་ཆེར་གཏོང་བ།དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་ཚན་པས་རྒྱལ་ཁབ་ཀྱི་ཚན་རྩལ་གསར་གཏོད་ལས་འགན་གསར་པའི་འགན་ཁུར་བའི་ཁེ་ལས་ཀྱི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། བང་རིམ་མང་བའི་མ་རྩའི་ཁྲོམ་རས་མ་དངུལ་གཅིག་སྡུད་བྱེད་པའི་བྱེད་ནུས་མཐོ་རུ་གཏོང་བ། འགན་བཅོལ་དང་མ་དངུལ་གཅིག་སྡུད་འགན་ལེན་ཚན་པའི་ཉེན་ཁ་འགན་བགོས་ཀྱི་ནུས་པ་འདོན་སྤེལ་བྱེད་པ།དངུལ་རྩས་ཚན་རྩལ་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་ཕྱི་ཕྱོགས་ཀྱི་འདེགས་སྐྱོར་ཤུགས་ཆེར་གཏོང་དགོས། མཐའ་ཐིག་གི་བསམ་གཞིགས་དང་གནད་དོན་གྱི་ཕྱོགས་སྟོན་རྒྱུན་འཁྱོངས་བྱེད་པ་དང་། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་བདེ་འཇགས་བརྟན་ལྷིང་འགན་སྲུང་བྱེད་རྒྱུར་གཞི་ཚུགས་པ། དངུལ་རྩས་ཚན་རྩལ་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པ་དང་དངུལ་རྩའི་ཉེན་ཁ་དོགས་ཟོན་བྱེད་པར་གཅིག་གྱུར་འཆར་འགོད་བྱེད་པ། ཉེན་ཁ་འགོག་བཅོས་ཀྱི་བྱེད་པོའི་འགན་འཁྲི་དམ་དུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད། 

    གྲོས་ཚོགས་ཐོག། ཚན་རྩལ་ལ་སྐུལ་སློང་བྱེད་པ་ནི་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བའི་འགན་སྲུང་གལ་ཆེན་ཞིག་ཡིན་པ་དང་། ཚན་རྩལ་གསར་གཏོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་དང་། གསར་གཏོད་ཀྱི་གསོན་ཤུགས་སྐུལ་སྤེལ་བྱ་རྒྱུར་ནུས་པ་གལ་ཆེན་ཐོན་ཡོད།ཚན་རྩལ་མི་སྣའི་འགྱུར་མེད་རྒྱལ་གཅེས་སེམས་པ་དང་། ཞུན་བརྡར་བྱས་པའི་རྒྱལ་ཁབ་ལ་དྲིན་ལན་འཇལ་སེམས་སྐུལ་སྤེལ་བཏང་ནས། ཚན་རྩལ་སྟོབས་ཆེའི་རྒྱལ་ཁབ་གང་མགྱོགས་བསྐྲུན་རྒྱུ་དང་། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་གཅེས་མངོན་འགྱུར་ཐུབ་ཆེད་རང་འགུལ་ངང་འགན་འཁྲི་ཁུར་བ་དང་། སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། བསམ་བློའི་སྐུལ་འདེད་དང་དངོས་པོའི་སྐུལ་འདེད་གཉིས་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁབ་ཀྱི་ཛ་དྲག་དགོས་མཁོ་དང་རྒྱང་རིང་གི་དགོས་མཁོར་དམིགས་ཏེ། ཚན་རིག་ལག་རྩལ་ཡར་རྒྱས་དང་། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ། རྒྱལ་ཁབ་ཀྱི་འཐབ་ཇུས་བདེ་འཇགས་སོགས་ཀྱི་ཐད་བྱས་རྗེས་ཆེན་པོ་འཇོག་གནང་མཛད་པའི་ཚན་རྩལ་མཉམ་སྡེབ་དང་མི་སྒེར་ལ་གཙོ་གནད་ཐོག་གཟེངས་བསྟོད་བྱ་དགོས།ཚན་ཞིབ་རྣམ་གྲངས་སྒྲིག་འཛུགས་དོ་དམ་སྒྲིག་གཞི་གསར་གཏོད་བྱེད་པ་དང་། ཚན་རྩལ་ལས་དོན་པས་ཚན་ཞིབ་ལས་དོན་སྤེལ་བའི་དུས་ཚོད་འགན་ལེན་བྱས་ནས་ཁོང་རྣམ་པས་བློ་རྩེ་གཅིག་སྒྲིམ་ངང་གསར་གཏོད་ཀྱི་ལས་ལ་གཞོལ་རྒྱུར་མཐུན་རྐྱེན་བསྐྲུན་དགོས། ན་གཞོན་ཚན་རྩལ་ལས་དོན་པར་སྐུལ་མ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། གཞོན་ནུ་རྣམས་ལ་འགན་འཁྲི་ཆེན་པོ་འཁུར་བའི་གོ་སྐབས་སྤྲོད་ཕོད་པ། ན་གཞོན་ཚོར་འཇོན་ཐང་འདོན་སའི་ཁོར་ཡུག་བཟང་པོ་བསྐྲུན་པ་བཅས་བྱེད་དགོས། ཚན་ཞིབ་འགྲོ་གྲོན་བརྟན་པོའི་ངང་རྒྱབ་སྐྱོར་བྱེད་པའི་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། ཚན་ཞིབ་མི་སྣས་རྨང་གཞིའི་རང་བཞིན་དང་སྤྱི་ཕན་རང་བཞིན་གྱི་ཞིབ་འཇུག་ཁ་ཕྱོགས་ཐོག་དཀའ་སྤྱད་འབད་འཐབ་བྱེད་པར་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་བྱ་དགོས་པ། སྐུལ་འདེད་དང་གཅུན་སྡོམ་གཉིས་གལ་ཆེ་མཉམ་དུ་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། གཅུན་སྡོམ་དང་ལྟ་སྐུལ་གྱི་སྒྲིག་གཞི་ནུས་ལྡན་འཛུགས་དགོས་ཞེས་བསྟན་ཡོད། 

     ཀྲུང་དབྱང་གི་ཁྱོན་ཡོངས་བསྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྲོས་ཚོགས་ལ་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པའི་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་གནང་ཡོད།


  • ལེ་ཚན་སྔོན་མ།: ཇ་ལོ་ཐོན་ཡུལ་ལ་དཔྱིད་ཀྱི་དཔལ་ཡོན་རྒྱས།། ཇ་ལོ་ཞིང་པས་ཇ་ལོ་འཐུ་བར་བྲེལ།།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།