འཆར་རྟོག་གསར་བའི་ལྷན་ཐབས།

བྲན།        2022-04-22

ལག་པའི་ནང་གི་པདྨོ་འདར་བས་མིག་གི་རྫི་མ་རླུང་ལ་ཡན།།

དྲི་ཡི་བཞོན་པས་བདས་པ་མིན་ན་ཆུ་ཕྲན་འགྲམ་གྱི་མེ་ཏོག་ནི། །

མགོ་ལྕོག་དུད་པའི་མཛེས་པ་ལ་ཡང་སྦྲང་ཆུང་ངང་གིས་འདུ་བ་ལྟར། །

སྤྲིན་པའི་རླབས་ཀྱི་རྒྱ་མཚོ་འཕྱུར་ལས་གྲུ་ཆར་འཇོ་བའི་དངོས་གྲུབ་ཐོབ། །

དཔྱིད་ཀྱི་ཤིང་མགོར་བབས་པའི་ཟིལ་པ་ཟླ་བ་གསར་པའི་འཁྲི་ཤིང་གི །

ལོ་འདབ་རྒྱས་པའི་དྲོད་ཁོལ་མིན་ན་མཉེན་ལྕུག་ཤིང་གི་ན་ཆུང་རྣམས། །

རྒྱུ་རྐྱེན་རྟེན་འབྲེལ་འབའ་ཞིག་ཚོགས་ལས་རང་གི་སྨིན་པའི་ལང་ཚོ་ལ། །

གཞན་གྱིས་སྙེམས་པའི་དྲེགས་པ་གཅོག་སླད་ང་རྒྱལ་ཆེ་བའི་རྨ་བྱར་གྱུར། །

དགེ་ལེགས་འབུམ་གྱི་བདུད་རྩི་འཐུང་ལས་རྣམ་རྟོག་ལག་ལྡན་དཔུང་གི་སྣར། །

རལ་གྲི་བཏགས་ལས་གཤེད་མར་འཐག་པའི་རང་གི་ཡིད་ཀྱི་ཚང་ཚིང་ནགས། །

ཡོངས་སུ་གཅོད་ལས་གཞན་གྱི་ཕུན་ཚོགས་མཐོང་བས་མོད་ལ་བསྲེག་ཟའི་རོ། །

འཇོག་པར་རྩོམ་པའི་དུས་ཀྱི་མི་རབས་ཅི་ཞིག་ཡིན་ནམ་འཕྱང་མོ་ཉུག །

དུས་ཀྱི་ཆུ་བོ་ཀྱ་ཀྱུའི་འགྲོས་ལ་སྙིགས་མ་འབུམ་གྱི་རོ་བསྐུར་བས། །

མི་ཚོགས་ན་ཀྲའི་གྲོང་ཁྱེར་གཏིང་གི་གསེར་མིག་རྒྱུ་བའི་རླངས་ལམ་ལ། །

བཙོག་པ་དྲི་ཡིས་ཀུན་ནས་བགོས་པས་མཐོང་ལམ་སྒྲིབ་པའི་མུན་པ་ཡང་། །

སྟུག་ཅིག་གནག་པས་ཡིད་ཀྱི་བདེ་བ་ཟས་པའི་ལྷག་མ་ཉིད་དུ་གྱུར། །

དོགས་པ་གསར་བའི་སྐྱེད་མོའི་ཚལ་གྱི་བློ་གསལ་བུང་བའི་མགྲིན་སྒྲ་ལ། །

སྣ་ཚོགས་བཤད་གཏམ་རླུང་ལ་སྤུར་བས་སྨྲ་ངན་མུན་པའི་བུ་ག་ལས། །

རྒྱང་ལ་བྲོས་པའི་ཆ་ག་བ་ལྟར་ཡང་ཡང་སྐྱུག་ལྡད་བྱེད་མིན་པས། །

ངོ་མཚར་སྲིད་པའི་སྙན་གཏམ་རིང་མོ་རེ་ཞིག་དུས་ཀྱིས་རྒྱང་ལ་བསྐྲད། །

ཆུ་འཁོར་ཆུ་ཡིས་ལན་བརྒྱར་བསྐོར་ཡང་ངལ་བའི་སྐལ་བ་མེད་པ་ལྟར། །

སྒྲོག་གཏམ་སྐྱ་ཀའི་ཨག་འབོད་དེ་ལ་སྙིང་བོས་ཀུན་ནས་སྟོང་བ་བཞིན། །

བཟླས་བརྗོད་བྱས་པའི་གྲངས་ཀ་ཙམ་ལས་ནེ་ཙོས་མ་ཎི་བཏོན་པ་ལྟར། །

དིང་གླིང་སྐྱ་བོས་འབོད་བརྡ་མིན་ན་གཉིད་ལས་སློང་བའི་བྱེད་པོ་སུ། །

གླེང་ཆེན་སྨྱོས་པའི་ས་རྡུལ་རྩུབ་ལས་མིག་གིས་ཧྲིག་ཧྲིག་ལྟ་དགོས་བྱུང་། །

རི་སྤྱང་གདོང་ནས་གློ་བུར་བུད་པས་ལུག་ཁྱུ་ཞོགས་ནས་སྤྲིན་ལ་འདྲེས། །

སྨུག་པའི་ནང་ནས་ངལ་བ་ཁུར་བའི་བདག་གི་རྐང་ཐང་རྫི་བོ་མས། །

བྱིས་ཆུང་སྐྱོར་ནས་རྒྱང་ལ་འཐེན་པའི་ལམ་ཁ་ཡང་ཡང་འཚོལ་དགོས་བྱུང་། །

རྒྱང་རིང་མུན་པའི་གྲོང་ཁྱེར་ཁྲོད་ན་སྙིང་ཐུབ་ཟླ་དཀར་ཟེགས་མའི་ཆ། །

མཁའ་རུ་འཕོས་པའི་བརྩེ་བ་མེད་དེ་ཕམ་ཁའི་ཀློང་གི་མིག་ཆུ་འབུམ། །

རང་གི་སྔས་སུ་ཡང་ཡང་གཏོར་ཞིང་མགོ་བོ་བཀྱགས་པའི་རྟགས་ཙམ་ལ། །

དཔྱིད་རླུང་མོད་པའི་སྲོས་ཀྱི་སྤྲིན་ལས་ཆར་སིམ་ཞིག་གི་སྨོན་པར་གྱུར། །

རེ་སྐྱོ་རེ་སྡུག་འཚོ་བའི་རི་མོ་ཆུ་ལ་བྲིས་པའི་གཟུགས་བརྙན་བཞིན། །

སྐྱར་བསུབས་བྱས་པའི་ཐ་མ་ལ་ཡང་རྟག་པར་འཛིན་པའི་སེམས་གཅོང་ནད། །

བཅོས་སུ་མེད་པའི་རྟོག་གེ་བ་ནི་ཐ་སྙད་བསྒྲིགས་པའི་ར་རོ་བར། །

གྱུར་བའི་ངང་ཚུལ་བསྟན་ཙམ་མ་ཡིན་སྣང་ཚུལ་ཤིག་གི་ལྷན་ཐབས་ཡིན། །

གཡུ་ཡི་མཚོ་མོ་འཁྱིལ་བའི་ཁ་ནས་ཁྲུང་ཁྲུང་རྩེན་པའི་དུང་སྣང་ལ། །

ཟིམ་ཟིམ་ཆར་བ་ཡལ་བའི་རྗེས་ཀྱི་འཇའ་ཚོན་བུ་མོས་གུར་ཕུབ་པ། །

ཁྲི་གདུགས་ཉི་མའི་འཛུམ་ཞལ་ངོགས་ནས་གཞོན་ཉམས་རྒྱས་པའི་ན་ཆུང་གིས། །

ཆུང་ནས་བཞད་པའི་མེ་ཏོག་འཐུ་བའི་འཛུམ་བག་ཡང་བསྐྱར་དྲན་ལེགས་སམ། །

བདེན་པར་གསུངས་པའི་ངག་གི་སྙེ་མ་དུད་པའི་རྣམ་འགྱུར་ཡིད་འོངས་པས། །

རྣམ་པར་དཀྲོལ་བའི་རོལ་མོ་མཁན་གྱི་ནང་སེམས་ཅུང་ཙམ་མ་བརླན་པར། །

མགྲིན་ལམ་བརྒྱུད་དེ་རྩ་ཆེན་བསྒུལ་བའི་རིགས་ཀྱི་ཞེན་ཁོག་བསྒྲགས་ན་ཡང་། །

རང་སེམས་བསྒྱུར་བའི་ནུས་པ་མེད་ན་གཞན་བསྒྱུར་བྱེད་ནུས་ཡོད་རེ་སྐན།།

རང་གི་རྐང་བས་ས་ཆེན་མི་ནོན་བྱིས་པ་ལ་ནི་ཁག་མེད་དེ། །

དར་མའི་དུས་ཀྱི་རྨི་ལམ་ལ་ཡང་སྐྱེས་བུ་འགའ་ཞིག་སྐྲག་གྱུར་ནས། །

ཅང་ཤེས་ཞོན་ཏེ་རྒྱང་ལ་བྲོས་པའི་སྡར་མའི་ཚུགས་ཀ་མཐོང་བའི་ཚེ། །

ཁང་ཆུང་སྦུག་གི་གཞོན་པ་ང་ཡི་དགོད་སྒྲས་གྲོགས་དག་གཉིད་ལས་བསླངས། །

ལོ་དང་ཟླ་བའི་རྩིབས་སྟོང་མུ་ཁྱུད་འཁོར་ལོའི་གངས་ཀྱི་རི་བོ་དེར། །

བཀའ་ཐུབ་སྤྱད་ལས་ཨུ་མར་རོལ་བ་དྲང་དོན་ཉིད་དུ་འདྲེན་པ་མང་། །

རིག་བྱེད་གཞུང་གི་གཏམ་དག་བདེན་ནམ་ལྷ་ཆེན་ཁྲོས་པའི་མིག་ཟུང་ལས། །

མེ་ལྕེ་འབར་བས་འདོད་ལྷ་བསྲེགས་ཤིང་རྣམ་རྟོག་ལུས་ཅན་ལྟར་མཛོད་ཟེར། །

གང་གང་རྐྱེན་ལས་མང་མང་ཞིག་གིས་རིག་བྱེད་གཞུང་ནི་གཏམ་ཙམ་ལས། །

བདེན་པར་མི་འཛིན་འཁྲུལ་བར་ལྟ་མོད་ལོ་རྒྱུས་ཉིད་དང་མཐུན་པའང་མང་། །

རྣམ་རིག་གྲུང་བོའི་འོད་དཀར་ངོགས་ནས་བསམ་གཞིག་མུ་ཏིག་ཚོམ་བུ་འགའ། །

བསྟར་ལ་བརྒྱུས་པའི་འཆར་ཡན་འདི་ཀོ་སྙིང་ཐུབ་དགྱེས་པའི་ཆིག་དབྱངས་ཡིན། །


  • ལེ་ཚན་སྔོན་མ།:མ་ཡུམ་སློབ་གླིང་།
  • ལེ་ཚན་རྗེས་མ།:སེམས་ཆུང་གུར་ཀུམ་མ།